ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༠ ཉིན་གྱི་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་མཛད་པ།

2024.08.20
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༠ ཉིན་གྱི་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་མཛད་པ། ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་སའེ་ར་ཁྱུ་སི་ (Syracuse) ས་གནས་ཀྱི་ནེ་པི་གཞིས་ཀར་ (Nappi Farmhouse)ལ་བདུན་ཕྲག་དྲུག་རིང་སྐུའི་ངལ་གསོ་བཞུགས་མཛད་རྗེས་ནིའུ་ཡོག་ཏུ་ཆིབས་ཐོན་མ་གནང་གོང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་སེམ་ནེ་པི་(Sam Nappi) དང་ཁེ་རོལ་ནེ་པི་(Carol Nappi) གཉིས་ཀྱིས་ནེ་པི་གཞིས་ཀར་སྒྲོན་པའི་སྐུ་པར། ༢༠༢༤།༠༨།༢༠
བསྟན་འཛིན་འཇམ་དཔལ།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༨ ཉིན་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་རྗེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་སའེ་ར་ཁྱུ་སི་ (Syracuse) ས་གནས་ཀྱི་ནེ་པི་གཞིས་ཀར་ (Nappi Farmhouse) བདུན་ཕྲག་དྲུག་རིང་སྐུ་ངལ་གསོ་བཞུགས་མཛད་ཡོད་པ་དང་། དེའི་རིང་འབྲེལ་ཡོད་རྣམ་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་ཞབས་ཞུ་ལྷོད་མེད་ཞུས་ཡོད་པ་མ་ཟད། ཞབས་པུས་བསྙུང་གཞི་མྱུར་དུ་དྭངས་སྐྱེད་ཕེབས་པའི་ཆེད་ལུས་རྩལ་སྨན་པ་རྣམས་དང་ལྷན་དུ་ཐུགས་བརྩོན་ཆེན་པོས་སྦྱོང་བརྡར་མཛད་ཡོད་པ་དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་ཕྱི་ཚེས་ ༢༠ ཉིན་གསལ་བསྒྲགས་བསྐྱངས་གནང་འདུག

ནིའུ་ཡོག་གྲོང་ཁྱེར་གྱི་གཤགས་བཅོས་ཆེད་ལས་སྨན་ཁང་གི་དར་མའི་ལུས་པོ་བསྐྱར་བཟོ་དང་རུས་ཚིགས་གཤགས་བཅོས་ཚན་པའི་འགན་འཛིན་སྨན་པ་སྐུ་ཞབས་ཌེ་ཝིཌ་མེ་མེན་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་ཟླ་བ་ ༦ ནས་ ༡༢ བར་མུ་མཐུད་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཡོད་ཅེས་ཞུས་ཡོད་པ་རེད།

ཕྱི་ཟླ་ ༨ ཚེས་ ༢༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་ཆེད་ནིའུ་ཡོག་གྲོང་ཁྱེར་གྱི་ UBS རྩེད་འགྲན་རྭ་བར་མཚོན་དོན་བརྟན་བཞུགས་འབུལ་ལམ་ཞུ་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༢༥ ཉིན་སུད་སིར་ཆིབས་བསྒྱུར་གནང་སྟེ་ཛུ་རིག་གྲོང་ཁྱེར་ཏུ་དུས་ཡུན་ཐུང་ཙམ་བཞུགས་པའི་རིང་ཕྱི་ཚེས་ ༢༥ ཉིན་ཧེལེན་སིཊེཌིཡོན་ (Hallenstadion) ཚོགས་ཁང་དུ་སུད་སི་བོད་རིགས་ཚོགས་པས་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལར་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་མཛད་རིམ་གོ་སྒྲིག་གནང་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་མཛད་པའི་རིང་སྐུ་ཞབས་སེམ་དང་ཁེ་རོལ་ནེ་པི་སྟངས་དཔྱལ་གཉིས་ནས་མགྲོན་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། ཞབས་པུས་གཤགས་བཅོས་ལེགས་གྲུབ་ཡོང་བར་མཐུན་འགྱུར་གོ་སྒྲིག་གནང་བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་ཆེ་ཞེས་བཀའ་གནང་ཡོད་པ་དང་། ནིའུ་ཡོག་མངའ་སྡེའི་སའེ་ར་ཁྱུ་སི་གྲོང་ཁྱེར་གྱི་ཨབ་སི་ཊེཊ་སྨན་ཁང་ཆེན་མོའི་ལུས་རྩལ་སྨན་བཅོས་ཚོགས་པ་དང་སྨན་པ་རྣམས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་སུ་ཆེད་བཅར་གྱིས། ཁོང་རྣམ་པས་སྨན་བཅོས་དང་མཐུན་འགྱུར་ཞབས་ཞུ་རྒྱ་ཆེ་ཞུས་པར་༧སྐུའི་ཆིབས་ཞབས་པ་ཡོངས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཀྱང་ཞུས་གནང་འདུག

མཛད་རིམ་སྔོན་སྒྲིག་ལྟར་བྱང་ཨ་རིའི་བོད་མི་ཡོངས་དང་། སོག་པོ། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་། ཕྱི་རྒྱལ་བ་བཅས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་བཞུགས་གདན་འཇགས་རིང་མཚོན་དོན་བརྟན་བཞུགས་འབུལ་འཐུས་ཆོག་པ་དང་། མང་ཚོགས་ལ་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་གོ་སྐབས་གསོལ་སྩལ་ཡོང་བའི་གསོལ་འདེབས་ཞུས་པར་ཞལ་བཞེས་ཐོབ་སྟེ། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཕྱག་ཚོད་དགུ་པ་ནས་བཅུ་པ་བར་ནིའུ་ཡོག་གི་ (UBS Arena) ཞེས་པའི་ལུས་རྩལ་ཚོགས་ཁང་ཆེན་པོ་ཞིག་ཏུ་མཚོན་དོན་བརྟན་བཞུགས་འབུལ་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་པ་རེད།།

གསར་འགོད་པ།  བཀྲིས་དབང་ཕྱུག   བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ།  བསྟན་འཛིན་པདྨ།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན།  པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎