ལྡི་ལིར་༧རྒྱ་གར་བ་ཚོས་གྱ་སྟོན་མཛད་སྒོ་དང་བཀའ་སློབ་གནང་བ།
2016.01.06
དེང་སྐབས་ཆོས་ལུགས་དང་རྒྱལ་ཞེན་ལ་ཁ་གཡར་ནས་མི་གསོད་བཞིན་པ་ཐབས་སྡུག་གི་གནས་སྟངས་ཤིག་ཡིན་པ་༧གོང་ས་མཆོག་གིས་གསུངས་བ།
དེ་ཡང་འདི་ཚེས་༤ཉིན་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠་ཕེབས་པར། ༧མགོན་པོ་གང་ཉིད་ལ་ཡིད་སྨོན་ཞུ་མཁན་རྒྱ་གར་གྱི་ཆེས་མཐོའི་དཔོན་རིགས་དང་། མི་སྣ་སྐད་གྲགས་ཅན་རྣམས་ཀྱིས་༧མགོན་པོ་གང་ཉིད་ཀྱི་སྐུའི་འཕྲོད་བཞེས་བཟང་བ་དང་། སྐུ་ཚེ་ཞབས་པད་བརྟན་པའི་དགའ་སྟོན་ཞིག་གནང་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས། དེང་སྐབས་འཛམ་གླིང་ནང་བྱམས་བརྩེ་དགོས་པ་དེ་སྔར་དང་མི་འདྲ་བར་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོས་སྟག་དང་གླང་པོ་ཆེ་ཡིས་མི་བསད་འདུག་ཅེས་པ་ཐོས་སྐབས་ཧང་སང་ཧོན་འཐོར་བཞིན་ཡོད། འོན་ཀྱང་དེང་སྐབས་ཆོས་ལུགས་དང་། རྒྱལ་ཞེན་ལ་ཁ་གཡར་ནས་མིས་མི་གསོད་རྒྱུ་དེ་ཧ་ལམ་འཆར་ཅན་ལྟར་ཆགས་འགྲོ་བཞིན་ཡོད་པའི་གནས་སྟངས་འདི་བློ་ཡུལ་དུ་ཧ་ཅང་ཤོང་དཀའ་བའི་ཐབས་སྡུག་གི་གནས་སྟངས་ཤིག་ཡིན། རྒྱ་གར་བ་ཚོས་རང་ཉིད་ལ་གནའ་རབས་ནས་ཡོད་པའི་ཆོས་ལུགས་མཐུན་སྒྲིལ་གྱི་གོམས་གཤིས་བཟང་པོ་དེ་དག་གོང་སྤེལ་གཏོང་ཐབས་ཆེད་འབད་བརྩོན་ཤུགས་ཆེ་ཙམ་གནང་ནས་གཞན་ལ་དཔེ་སྟོན་ཐུབ་པ་ཞིག་གནང་དགོས།
རྒྱ་གར་ནང་མཚམས་རེ་མི་རེ་ཟུང་གིས་རྙོག་གྲ་བཟོས་བ་མ་གཏོགས་རྣམ་ཀུན་ཆོས་ལུགས་འདྲ་མིན་ཕན་ཚུན་འཆམ་མཐུན་དང་། ཞི་བདེ་བག་ཕེབས་ངང་འཚོ་གནས་བྱེད་བཞིན་ཡོད།
དེང་དུས་འཕྲུལ་ཆས་རིགས་ཀྱིས་མི་ལ་མཁོ་བའི་མཐུན་རྐྱེན་གང་ཙམ་ཞིག་བསྐྲུན་ཐུབ། འོན་ཀྱང་རྒྱ་གར་གནའ་རབས་ཀྱི་དཔལ་ན་ལེནྡྲའི་སྲོལ་རྒྱུན་ནས་དར་བའི་ནང་ཆོས་དེས། མིའི་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ། བོད་མི་ཚོས་ཀྱང་ནང་ཆོས་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཙམ་ཡོད་པ་རྣམས་གཅེས་ཉར་བྱས་ནས་མི་རབས་ནས་མི་རབས་བརྒྱུད་སྤྲོད་དང་འཛིན་སྐྱོང་སྤེལ་གསུམ་བྱས་ཡོད། དེ་འདྲ་བྱེད་མཁན་བོད་པ་ཁོ་ན་ཡིན། ད་ཆ་བོད་མི་ཚོས་རྒྱ་གར་བ་ཁྱེད་རྣམ་པར་རིག་གཞུང་དེ་དག་ཕར་བརྩི་སྤྲོད་བྱེད་དགོས་པ་ང་ཚོའི་ལས་འགན་ཆགས་ཡོད། རིག་གཞུང་དེ་དག་དེང་སྐབས་འཛམ་གླིང་ནང་དུ་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་ཡོད། དུས་རྒྱུན་ང་ཚོས་ལུས་པོའི་འཕྲོད་བསྟེན་གལ་ཆེ་ཡིན་སྐོར་བཤད་སྲོལ་ཡོད་པ་དང་། གཞོན་སྐྱེས་ཚོས་རང་གི་ཕ་མེས་ཚོས་བཞག་པའི་རིག་གཞུང་དེ་ཚོར་དོ་སྣང་སློབ་སྦྱོང་བྱེད་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་ལུགས་བཀའ་གནང་ཡོད་པ་རེད།
སྐབས་དེར་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་མཆོག་གིས། ཚོགས་བཅར་བ་ཡོངས་ཀྱི་ཚབ་ཞུས་ནས་༧གོང་ས་མཆོག་ལ་ཙན་དན་ལས་གྲུབ་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་རྩེ་མོར་ཆོས་ཀྱི་འཁོར་ལོ་ཡོད་པ་ཞིག་དྲན་རྟེན་ཕྱག་རྟགས་སུ་འབུལ་བཞེས་གནང་ཡོད་པ་དང་། ཁོང་གིས་ཏཱ་ལའི་བླ་མ་ནི་དུས་རབས་གསར་བར་འཁྲུངས་པའི་སངས་རྒྱས་ཀྱི་རྣམ་སྤྲུལ་ཡིན་པ་དང་། དཀོན་མཆོག་གིས་འཇིག་རྟེན་གྱི་འགྲོ་བ་མིའི་རིགས་ལ་གནང་བའི་རྩ་ཆེའི་ལེགས་སྐྱེས་ཤིག་ཡིན་པ་སོགས་ཆེས་བསྟོད་གནང་ཡོད།
ད་དུང་དཔོན་རིགས་དང་མི་སྣ་སྐད་གྲགས་ཅན་ཚོས་གཅིག་རྗེས་གཉིས་མཐུད་དུ། ༧གོང་ས་མཆོག་གི་སྐུ་ཚེའི་རིང་འཛམ་གླིང་མི་དམངས་སྤྱིར་ཕན་བདེའི་ལེགས་སྐྱེས་ཕུལ་གནང་བར་བསྔགས་བརྗོད་དང་། གུས་བཀུར་ཆེད་བསྟོད་མང་པོ་ཞུས་གནང་ཡོད་པ་རེད། དེ་བཞིན་༧གོང་ས་མཆོག་གིས་ཀྱང་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཆོས་ལུགས་ཕན་ཚུལ་ཞི་མཐུན་མཉམ་གནས་ཡོད་པའི་དགེ་མཚན་དུ་མ་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད།
དེ་བཞིན་ནོ་བྷེལ་གཟེངས་རྟགས་བཞེས་མྱོང་མཁན་kailash Satyarthi
གིས་ཀྱང་། ༧གོང་ས་མཆོག་ནི་འཚེ་མེད་ཞི་བའི་བྱམས་བརྩེའི་མགོན་པོ་དངོས་ཤིག་ཡིན་པའི་བསྔགས་བརྗོད་ཞུས་གནང་ཡོད་པ་རེད།
སྐབས་དེའི་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་L.K. Advaniམཆོག་དང་། དངུལ་རྩིས་བློན་ཆེན་ཟུར་པ་P Chidambaram ནོ་ཝེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བྱུང་བ་སྐུ་ཞབས་Kailash Satyarthi་ལགས། དེ་བཞིན་སྒྱུ་རྩལ་བ་དང་། རྒྱལ་རབས་མཁས་པ། ཚོང་པ་གྲགས་ཅན། གཞུང་ཚབ་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ཕེབས་ཡོད་འདུག
གསར་འགོད་པ་ཕྲེང་རིང་བསྟན་ནོར།