རྒྱ་གར་གྱི་དབྱུག་རྩེད་པ་གྲགས་ཅན་གྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་འདུག
2018.05.03
རྒྱ་གར་གྱི་ཀིརི་ཀེཊ་དབྱུག་རྩེད་པ་གྲགས་ཅན་ས་ཅིན་ཏེན་དྷུལ་ཀར་ཡིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་བཅར་ཞུས་འདུག
དེ་ཡང་ཕྱི་ཟླ་ ༥ ཚེས་ ༣ ཉིན་ས་ཅིན་ཏེན་དྷུལ་ཀར(Sachin Tendulkar)་དང་ཁོང་གི་སྐུ་ཟླ་དེ་མིན་གྱི་མི་སྣ་ཁག་གཅིག་གིས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཡོད་པ་དང་། ས་ཅིན་ཏེན་དྷུལ་ཀར་ནི་འཛམ་གླིང་ནང་གི་ཀི་ཀེཊ་དབྱུག་རྩེད་པ་སྐད་གྲགས་ཡོད་པ་ཞིག་ཡིན་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་སྐབས་འཛམ་གླིང་ནང་བྱམས་བརྩེ་དར་སྤེལ་གཏོང་ཕྱོགས་སྐོར་བཀའ་སློབ་ཕེབས་ཡོད་པ་ཁོང་གིས་མཇལ་ཁ་གྲུབ་རྗེས་གསར་འགོད་པ་ཚོར་གསུངས་ཡོད་པ་རེད།
ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་སུ་དགའ་ལྡན་ཕོ་བྲང་གི་སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་པར་གཞིགས་ན། ས་ཆིན་ཏེན་དྷུལ་ཀར་ཡིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཁྲུག་ཆ་དོད་པའི་ད་ལྟའི་དུས་ཚོད་འདིར་སེམས་ཀྱི་དཀའ་ངལ་སེལ་ཐབས་ཇི་དགེ་དགོངས་བསྐོར་ཞུས་པའི་བཀའ་ལན་དུ། ༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཀྱི་དཀའ་ངལ་བཅོས་ཐབས་སྐོར་རྒྱ་གར་གྱི་གནའ་བོའི་རིག་གཞུང་སྤྱི་དང་ལྷག་པར་དུ་སེམས་ཁམས་ཀྱི་རྣམ་བཞག་རྒྱ་ཆེ་གསུངས་པ་དེ་དག་ལག་ལེན་འཁེལ་ཐབས་ལས་ལྷག་པ་མེད་པ་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྡ་སར་བཞུགས་གདན་འཇགས་རིང་རྒྱུན་དུ་དད་ལྡན་མང་པོར་མཇལ་དམངས་དང་ཟུར་མཇལ་སོགས་སྩོལ་གྱི་ཡོད་ཅིང་། རྒྱ་གར་བ་ཆེས་མང་པོ་ཞིག་ཀྱང་མཇལ་ཁར་བཅར་བཞིན་པའི་ཁོངས་སུ། རྒྱ་གར་ཚན་རིག་པ་དང་ཆབ་སྲིད་མི་སྣ། སྒྱུ་རྩལ་བ། དམག་དཔོན། ཆོས་ལུགས་མི་སྣ། སློབ་ཕྲུག་དང་སྤྱི་ཚོགས་བདེ་དོན་ཞབས་ཞུ་བ་སོགས་ཡོད་པ་རེད།
གསར་འགོད་པ་འགན་འཛིན་སྐལ་ལྡན་བློ་གྲོས།