ཀ་ལམ་དམ་པའི་ཆེད་༧གོང་ས་མཆོག་གིས་ཐུཊ་སྨོན་གནང་བ།
2015.07.28

༧གོང་ས་མཆོག་གིས་ཨཔ་རྡུལ་ཀ་ལམ་མཆོག་གི་ཁེངས་དྲེག་སྤངས་པའི་ཞི་དུལ་གྱི་སྤྱོད་ཚུལ་དེར་ངོས་ཀྱིས་ཡིད་སྨོན་ཞུས་མྱོང་ཡོད་ཅེས་གསུངས་འདུག
དེ་ཡང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་མཁས་དབང་ཨཔ་རྡུལ་ཀ་ལམ་མཆོགAbdul Kalamཁ་སང་ཕྱི་ཚེས་༢༧ཉིན་གློ་བུར་དུ་དགོངས་པ་རྫོགས་པར་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་མཆོག་གིས་ཐུགས་གསོ་དང་ཐུགས་སྨོན་མཚམས་སྦྱོར་སྩལ་གནང་མཛད་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཨེ་པི་ཇི་ཨཔ་རྡུལ་ཀ་ལམ་མཆོག་གློ་བུར་དུ་ཁ་སང་ཕྱི་དྲོ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་མཁྱེན་རྟོགས་བྱུང་བར་ཐུགས་ཕམ་ཆེན་པོ་བྱུང་ཅེས་དང་། ཁོང་འདས་གྲོངས་སུ་གྱུར་པ་དེ་ནི་གསབ་ཏུ་མེད་པའི་གྱོང་གུན་ཡིན་ལ། ཁོང་ནི་ཕུལ་བྱུང་གི་ཚན་རིག་པ་ཞིག་དང་ཤེས་ཡོན་སློབ་སྟོན་པ། དེ་བཞིན་མཁས་པའི་དབང་པོ་ཞིག་ཡིན་པར་མ་ཟད། དེ་བས་གལ་ཆེ་བ་ཞིག་ལ་ཁོང་ནི་དོན་དམ་ཡ་རབས་ཞི་དུལ་གྱི་སྐྱེས་བུ་ཞིག་རེད་ཅེས་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་ཞབས་ཨཔ་རྡུལ་ཀ་ལམ་མཆོག་རྣམ་གཉིས་དབར་ཐུགས་འབྲེལ་ཧ་ཅང་གཟབ་པོ་ཡོད་ལ། སྐུ་ཞབས་ཀ་ལམ་རྒྱ་གར་གྱི་སྲིད་འཛིན་གནང་པའི་དུས་ཡུན་དང་། དེ་བཞིན་སྲིད་འཛིན་གྱི་མཛད་འཁུར་གྲུབ་རྗེས་ཀྱང་ལན་མང་༧གོང་ས་མཆོག་དང་མཇལ་འཕྲད་གནང་མྱོང་ཡོད་པར་མ་ཟད། སྐུ་ཞབས་ཀ་ལམ་ཆེད་མངགས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱིས་ནང་ཆོས་ནང་གསུངས་པའི་སྟོང་ཉིད་ཀྱི་ལྟ་བ་དང་རྟེན་འབྲེལ་གྱི་ལྟ་གྲུབ་སྐོར་དྭོགས་གཅོད་བགྲོ་གླེང་སོགས་མཛད་མྱོང་ཡོད་འདུག
དེ་རིང་ཕྱི་ཚེས་༢༨ཉིན་སྩལ་བའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོ་དང་ཐུགས་སྨོན་མཚམས་སྦྱོར་གི་གསུང་འཕྲིན་ནང་། འདས་པའི་ལོ་མང་རིང་ངོས་རང་དམ་པ་ཁོང་དང་ལྷན་མཇལ་མོལ་ཞུ་རྒྱུའི་གོ་སྐབས་མང་པོ་བྱུང་ཞིང་། ཁོང་གི་ཁེངས་དྲེག་སྤངས་པའི་ཞི་དུལ་གྱི་སྤྱོད་ཚུལ་དེར་ངོས་ཀྱིས་ཡིད་སྨོན་ཞུས་མྱོང་ཡོད་ཅེས་བཀའ་གནང་འདུག ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དམ་པ་ཁོང་དང་ལྷན་བརྗོད་གཞི་འདྲ་མིན་ཐོག་གོ་བསྡུར་ཞུ་མྱོང་ཡོད་པར་མ་ཟད། ལྷག་པར་ཚན་རིག་དང་། ཆོས་ཕྱོགས། ཤེས་ཡོན་ཐོག་གོ་བསྡུར་མང་པོ་ཞུས་པ་ཡིན་ཅེས་བཀའ་གནང་ཞིང་། མཐའ་དོན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་ཤུལ་ལུས་ནང་མི་སྤུན་མཆེད་ཙམ་མ་ཟད། རྒྱ་གར་མི་མང་རྣམས་ཡིད་སྐྱོ་བཞིན་པའི་དུས་སྐབས་འདིར་སེམས་གསོ་དང་སྦྲགས་སྨོན་ལམ་ཞུ་རྒྱུ་ཡིན་ཅེས་བཀའ་གནང་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།