༧གོང་ས་མཆོག་ཨ་མི་རི་ཀའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་འདུག
2015.02.02
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གནས་ཆེན་Sansikaནང་གི་མཛད་འཕྲིན་འགྲུབ་ནས་ཨ་མི་རི་ཀར་ཆིབས་ཞལ་བསྒྱུར་གནང་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཕྱི་ཚེས་༡་ཉིན་རྒྱ་གར་ནང་གི་གནས་ཆེན་Sansikaའི་ནང་རྒྱ་གར་གྱི་གཞོན་ནུ་ནང་ཆོས་ཚོགས་པའི་ཚོགས་མི་གཙོས་པའི་ཕྱི་ནང་མི་རིགས་གཉིས་ཁྲི་ལྷག་ལ་གསུངས་ཆོས་བསྩལ་གནང་ལེགས་གྲུབ་ཟིན་པའི་རྗེས་སུ་དེ་རིང་ཕྱི་ཚེས་༢་ཉིན་གྱི་ཞོགས་པ་སྔ་པོར་རྒྱལ་ས་ལྡི་ལི་ནས་ཨ་མི་རི་ཀ་དང་། ཡོ་རོབ་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མངའ་སྡེ་Uttar Pradeshནང་གི་ལྷ་འབབ་ཀྱི་གནས་Sansika་ལ་རྒྱ་གར་གྱི་ནང་པའི་དགེ་འདུན་པ་༥༠༠་ཙམ་དང་། བོད་མི་༡༠༠༠་ལྷག ཤར་ཨེ་ཤེ་ཡ་དང་། ཡོ་རོབ། དེ་བཞིན་བྱང་ཨ་རི་གཙོས་པའི་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཆེད་བཅར་ཞུས་པའི་མི་གྲངས་༢༠༠༠༠་ལྷག་ལ་ཆོས་འབྲེལ་སྩལ་གནང་མཛད་སྐབས་མངའ་སྡེའི་རྒྱ་གར་གཞོན་ནུ་ནང་ཆོས་ཚོགས་པའི་ཚོགས་གཙོ་Suresh Chandra Bauddhaལགས་དང་། མངའ་སྡེའི་བཟོ་རྩལ་རིག་གནས་ཀྱི་བློན་ཆེན་Alok Kumar Shakyaལགས་ལྷན་བཞུཊ་གནང་འདུག དེ་ནས་སྐུ་ཞབས་Tejwaroལགས་ཀྱིས་ད་རེས་༧གོང་ས་མཆོག་གནས་ཆེན་དེར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་གིས་མང་ཚོགས་ལ་གསུང་ཆོས་སྩལ་གནང་མཛད་པར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། Rakesh Chandra Bauddhaལགས་ཀྱིས་རྩིས་ཕྲ་ཁག་སྒྲོག་སྦྱང་ཞུས་འདུག དེ་རྗེས་༧གོང་ས་མཆོག་ནས་གནས་ཆེན་Sansikaལ་བཀའ་ཆོས་གོ་སྒྲིག་ཞུ་མཁན་གཙོས་པའི་དང་བླངས་པ་གཙོ་བོ་༢༠་ལ་ཕྱག་ཁྱེར་སྩལ་གནང་འདུག
༧གོང་ས་མཆོག་མགྲོན་ཁང་ལ་ཕྱིར་ཕེབས་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Aklesh Yadavམཆོག་མཇལ་ཆེད་བཅར་ཞུ་སྐབས་༧གོང་ས་མཆོག་ནས་Sansikaའི་གནས་ཀྱི་ཁུལ་གྱི་ཁོར་ཡུག་དང་། ཡུལ་ལྗོངས་ཀྱི་མཛེས་སྡུག་ཁག་སྦག་བཙོག་མ་བཏང་བར་གཙང་མ་ཉར་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ས་གནས་དེ་གནས་མཇལ་ཡོང་ས་ཞིག་ཏུ་ཡར་རྒྱས་གཏོང་ཐུབ་པའི་ནུས་པ་ཡོད་པ་དང་། རྒྱ་གར་གཞོན་ནུ་ནང་པ་ཚོགས་པས་ནང་ཆོས་སློབ་གཉེར་གནང་སའི་ལྟེ་གནས་ཁང་ཞིག་གསར་འཛུགས་གནང་འཆར་ཡོད་སྐོར་སོགས་བཀའ་གནང་བར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Alkesh Yadavམཆོག་ནས་དེ་དག་ལ་མཐུན་འགྱུར་རོགས་རམ་གང་ཡོང་ཞུ་རྒྱུའི་ཞལ་བཞེས་ཞུས་འདུག
དེ་རིང་ཕྱི་ཚེས་༢་ཉིན་གྱི་སྔ་དྲོར་༧གོང་ས་མཆོག་ཇར་མ་ནི་དང་། ཨ་མེ་རི་ཀ སུས་ཛར་ལེན་ཊི། ནོར་ཝེ། གྲན་མར་ཀ་བཅས་སུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་ཕྱིར་རྒྱལ་ས་ལྡི་ལི་ནས་ཆིབས་ཞལ་བསྒྱུར་གནང་མཛད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།