༸གོང་ས་ཏཱ་ལའི་བླ་མའི་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་དང་འབྲེལ་བའི་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་གནང་གཏན་ཁེལ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་སྤྱི་དང་ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོའི་ཐུགས་སྐྱེད་དམ་བཅའ་དང་འབྲེལ་ཏེ་རིང་མིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཡོངས་ཚོགས་བསྡུ་ཞིག་བསྐོང་ཚོགས་གནང་རྒྱུ་རེད་འདུག
དེ་ཡང་རྒྱ་གར་བི་ཧར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་གོ་སྒྲིག་འོག ཡོང་འགྱུར་ཟླ་ ༤ ཚེས་ ༣ དང་ ༤ ཉིན་གཉིས་རིང་དཔལ་ན་ལེནྚའི་རིག་གཞུང་གི་ལྟ་གྲུབ་ཐོག་མཁས་དབང་དང་། ཆོས་ལུགས་རིས་མེད་ཀྱི་མཁས་པ་ལྷན་ཞུགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་དང་འབྲེལ་ཏེ། བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཡུན་གནས་ཕན་ཐོགས་དང་འབྲེལ་བའི་སྐོར་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་ཞིག་གོ་སྒྲིག་གནང་གཏན་འཁེལ་འདུག
བགྲོ་གླེང་ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་དབུས་དང་ས་གནས་དཔོན་རིགས་ཁག་དང་། དེ་བཞིན་བགྲོ་གླེང་གི་གཙོ་སྐྱོང་བ་གཙོ་བོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་གཙོས་པའི་རྒྱ་གར་གནའ་བོའི་རིག་གཞུང་གི་ལྟ་གྲུབ་མི་འདྲ་བའི་ཐད་མཁས་པ་ཁྱོན་ ༢༠ དང་། དཔལ་ནཱལནྡཱའི་རིག་གཞུང་ཐོག་སློབ་གཉེར་གནང་མཁན་གྱི་ལྟེ་གནས་ཁང་གདན་ས་ཆེན་པོ་གསུམ་གཙོ་བོར་གྱུར་བའི་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་ཁྱོན་ ༢༠ ལྷག་ཙམ་མཉམ་ཞུགས་གནང་གི་ཡོད་པ་༸གོང་ས་ཏཱ་ལའི་བླ་མའི་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་ངེས་སྟོན་པ་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་ག་ཨེ་ཤེས་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། ཡང་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་མུ་མཐུད་གསུངས་དོན་ལ། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་གི་རིང་ཐང་དང་། དེ་དག་སྤྱི་ཚོགས་ལ་ཕན་གནོད་ཀྱི་འབྲེལ་བ་ཆགས་ཚུལ། རྒྱ་གར་གྱི་གྲུབ་མཐའ་ཁག་གི་དངོས་པོའི་གནས་ལུགས་ཀྱི་རྣམ་གཞག་མི་འདྲ་བའི་སྐོར། དེ་བཞིན་རྣམ་ཤེས་ཀྱི་ངོ་བོ་དང་དེ་ལ་གྲུབ་མཐའི་འགྲེལ་བརྗོད་མི་འདྲ་བའི་སྐོར་བཅས་དེང་དུས་མི་རབས་ཀྱི་འཚོ་བ་དང་མཐུན་པའི་ཐོག་བརྗོད་གཞི་མི་འདྲ་བ་བདུན་ཙམ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ ༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་དེ་བཞིན་ཕྱི་ལོ ༢༠༢༣ ཟླ་ ༡ ཚེས་ ༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རྡོ་མ་ཧན་ཞེས་པའི་ས་གནས་སུ། གསར་སྐྲུན་གྱི་རྩིག་རྨང་འཇོག་གནང་མཛད་དེ་ཐུགས་སྨོན་མཚམས་སྦྱོར་བཀའ་དྲིན་བསྐྱངས་གནང་ཡོད་པ་དང་། ལྟེ་གནས་ཁག་དེ་ཉིད་ཐོག་མར་དཔལ་ནཱལནྡཱའི་ལྟེ་གནས་ཞེས་མིང་བཏགས་འདུག་ཀྱང་། རྗེས་སུ་༸གོང་ས་མཆོག་ནས་ནང་པ་ཙམ་མིན་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཆ་ཚང་མཚོན་ཆེད་ཏཱ་ལའི་བླ་མའི་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་ཞེས་འབྲེལ་ཡོད་ཡོངས་དང་གོ་བསྡུར་གྱིས་བསྒྱུར་གནང་མཛད་ཡོད་པ་རེད། ལྟེ་གནས་ཁང་འདིར་བོད་དང་རྒྱ་གར་གྱི་གནའ་བའི་རིག་གཞུང་ཡོད་དོ་ཅོག་ལ་སློབ་གཉེར་དང་། ཉམས་ཞིབ། མཚུངས་བསྔུར། འབྲི་རྩོམ། དཔར་སྐྲུན། སྒོམ་སྒྲུབ་ཉམས་ལེན། ཚོད་བལྟ་སོགས་དེང་དུས་ཀྱི་མི་རབས་གསར་པ་རྣམས་ནས་སློབ་གཉེར་དང་ཉམས་ལེན་གནང་ཐུབ་ཐབས་ཀྱི་སླད་དུ་དོན་གཉེར་བ་སོ་སོའི་གང་ལ་ཅི་འདོད་ཀྱི་ལས་དོན་སྒྲུབ་པའི་མཐུན་རྐྱེན་བསྐྲུན་རྒྱུའི་ཆེད་རེད་འདུག་ལ། ལྟེ་གནས་ཁང་དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་ནང་ནས་བཞི་པ་རྒྱ་གར་གར་གྱི་གནའ་བོའི་རིག་གཞུང་གོང་མཐོར་གཏང་རྒྱུ་ཞེས་པ་དེར་དམིགས་པའི་ལས་གཞི་ཞིག་ཡིན་པ་རེད་འདུག །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།