༧གོང་ས་མཆོག་གིས་ལམ་སྟོན་མཛད་པའི་ཚན་རིག་དང་ལྟ་གྲུབ་པོད་བཞི་པ་དབྱིན་ཡིག་ནང་པར་བསྐྲུན་ཟིན་འདུག

2023.08.15
༧གོང་ས་མཆོག་གིས་ལམ་སྟོན་མཛད་པའི་ཚན་རིག་དང་ལྟ་གྲུབ་པོད་བཞི་པ་དབྱིན་ཡིག་ནང་པར་བསྐྲུན་ཟིན་འདུག ༧གོང་ས་མཆོག་གིས་མཛད་པའི་ཚན་རིག་དང་ལྟ་གྲུབ་པོད་བཞི་དབྱིན་ཡིག་ནང་པར་བསྐྲུན་གནང་པ།
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་གོང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཚུལ་དེ་དག་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་དང་། ནང་ཆོས་ཉམས་ལེན་བཅས་སྡེ་ཚན་གསུམ་དུ་དབྱེ་གནང་མཛད་ཅིང་། འཛམ་གླིང་ནང་དོན་གཉེར་ཅན་ཀུན་ལ་སྡེ་ཚན་དང་པོ་གཉིས་ཏེ། ནང་པའི་ཚན་རིག་དང་ལྟ་གྲུབ་དེ་དག་སངས་རྒྱས་ཀྱི་མདོ་ལས་གཅེས་བཏུས་ཀྱིས་བོད་ཡིག་གཙོས་སྐད་ཡིག་མི་འདྲ་བ་བཅོ་ལྔའི་ནང་ཕབ་བསྒྱུར་གནང་ཡོད་པ་རེད། ལྷག་པར་དུ་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་བཞི་པའམ་མཐའ་མ་དེ་དབྱིན་ཡིག་ཐོག་ཕབ་བསྒྱུར་གྱིས་ཕྱི་ཟླ་༨ཚེས་༡༥ཉིན་པར་སྐྲུན་ལེགས་གྲུབ་ཟིན་ཡོད་པ་དང་། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེག་བམ་འདི་དག་ནི་ཤེས་བྱ་རིག་གནས་ལ་སློབ་སྦྱོང་བྱེད་མཁན་ནམ་ནང་ཆོས་ཉམས་ལེན་བྱེད་མཁན་སུ་རུང་ལ་མེད་དུ་མི་རུང་བ་ཞིག་ཡིན་པས། དཔེ་དེབ་འདི་དག་སྒེར་དང་སྤྱི་པའི་དཔེ་མཛོད་ཁང་དུ་འཇོག་དགོས་པ་ཞིག་ཡིན་པ་ཨ་རིའི་ནང་རྟེན་གཞི་བྱས་པའི་(Wisdom)་དཔེ་བསྐྲུན་ཁང་གི་འགན་འཛིན་ཌེནིཡལ་ཨེཊཀིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་དང་། དེ་བཞིན་རྒྱ་གར་གྱི་ནང་པའི་སློབ་དཔོན་རྣམ་པས་མཛད་པའི་བསྟན་བཅོས་ཁག་ནང་ནང་པའི་ཚན་རིག་དང་ལྟ་གྲུབ། དེ་བཞིན་ནང་ཆོས་ཉམས་ལེན་གྱི་སྐོར་སོགས་བོད་ཡིག་ནང་བསྒྱུར་བ་དཔེ་ཆ་པོ་ཏི་གསུམ་བརྒྱ་ལྷག་ལོ་ངོ་སྟོང་ཕྲག་ལྷག་རིང་བཞུགས་ཡོད་ནའང་། དེ་དག་ཚན་རིག་དང་ལྟ་གྲུབ། ཉམས་ལེན་གྱི་ཆ་བཅས་སྡེ་ཚན་གསུམ་དུ་དབྱེ་ནས་ནང་པ་ཙམ་མིན་པར་འཛམ་གླིང་ནང་དོན་གཉེར་ཅན་པ་སུས་ཀྱང་སློབ་སྦྱོང་ཆེད་ལོངས་སུ་སྤྱོད་བདེ་བཟོ་གནང་མཁན་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉིད་ཡིན་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་པ་དེའི་ཐོག་ནས་ཐོག་མར་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་ཁག་བོད་ཡིག་ནང་ཟུར་བཏོན་གནང་ཞིང་། དེ་དག་རིམ་པས་དབྱིན་ཡིག་དང་རྒྱ་ཡིག་ལ་སོགས་པ་སྐད་ཡིག་མི་འདྲ་བ་བཅོ་ལྔའི་ནང་ཕབ་བསྒྱུར་ཞུས་ཤིང་། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དེབ་པོད་བཞི་པ་དེ་ཕྱི་ཟླ་༨ཚེས་༡༨ནས་བཟུང་(Amazon)ཨ་མ་ཛོན་སོགས་བརྒྱུད་རྒྱལ་སྤྱིའི་ནང་དོ་འཁུར་ཅན་རྣམས་ལ་མཁོ་གཏོང་འགྲེམས་སྤེལ་གནང་གི་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཀྱི་ཚན་རིག་དང་ལྟ་གྲུབ་ཁག་ནི་ནང་པའི་ཆོས་ལུགས་རྗེས་འབྲངས་གཅིག་པུར་ཕན་ཐོགས་ཡོད་པ་ཙམ་མིན་པར། ནང་པའི་གཞུང་ནས་གསུངས་པའི་གཞིའི་རྣམ་གཞག་སྤྱི་དང་། ལྷག་པར་དུ་སེམས་ཁམས་ཀྱི་སྐོར་འདི་དག་ནི་བདེ་སྐྱིད་དོན་གཉེར་འགྲོ་བ་ཀུན་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་སྟབས་ངེས་པར་ནང་པ་ཚོས་ཟབ་གནད་འདི་དག་གཞན་ལ་མཉམ་སྤྱོད་ཐུབ་པ་དང་། གཞན་གྱིས་ཀྱང་ནང་ཆོས་ཀྱི་རྣམ་བཞག་འདི་དག་ལ་ངེས་པར་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་ཡང་ནས་ཡང་དུ་ཕེབས་བཞིན་ཡོད་པ་རེད། ལྷག་པར་དུ་དེང་སྐབས་ཕྱིའི་རྒྱལ་ཁབ་ནང་འཚར་ལོངས་བྱུང་བཞིན་པའི་བོད་ཡིག་གི་གནས་ཚད་ཡག་པོ་མེད་པའི་གཞོན་སྐྱེས་ཚོས་ངེས་པར་དུ་ནང་ཆོས་ཀྱི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་འདི་དག་ལ་སློབ་གཉེར་བྱེད་རྒྱུ་ནི་རང་གི་རིག་གཞུང་ངོ་ཤེས་ཡོང་རྒྱུར་ཧ་ཅང་གལ་ཆེན་པོ་ཡིན་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་དབྱིན་སྐད་གསུང་བསྒྱུར་ཞབས་ཞུ་བ་མཁས་དབང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཕྱག་དེབ་འདི་ནི་ཨ་རིའི་(MA)་མངའ་སྡེའི་(Somerville)་གྲོང་ཁྱེར་ནང་ཡོད་པའི་(Wisdom Publications)་དཔེ་སྐྲུན་ཁང་གིས་འགན་འཁུར་བཞེས་ཏེ་དཔར་སྐྲུན་གནང་ཡོད་ཅིང་། དཔེ་སྐྲུན་ཁང་འདིས་ད་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རྩོམ་ཕྱག་དཔེ་ཁག་༣༠ལ་ཉེ་བ་དཔར་སྐྲུན་གནང་ཡོད་པ་དང་། དཔེ་སྐྲུན་ཁང་འདི་ནི་བོད་ཀྱི་ནང་ཆོས་དང་སེམས་ཁམས་རིག་པའི་ཐོག་ནས་འཛམ་གླིང་ཀུན་ལ་བདེ་སྐྱིད་ཀྱི་བསླབ་བྱ་ཁྱབ་སྤེལ་གཏོང་མཁན་གྱི་ཁེ་མེད་དཔར་སྐྲུན་ཞབས་ཞུ་ཁང་ཞིག་ཡིན་པ་རེད། (Daniel Aitken)་ལགས་ནི་དཔེ་སྐྲུན་ཁང་དེའི་སྤྱི་ཁྱབ་འཛིན་སྐྱོང་དོ་དམ་པ་ཡིན་པ་དང་། ཁོང་གིས། ཕྱག་དེབ་འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ཐུགས་སྐྱེད་ལས་བྱུང་པ་ཞིག་དང་། (Wisdom Publications)་དཔེ་སྐྲུན་ཁང་ལ་ལས་འཆར་འདི་བརྒྱུད་༧གོང་ས་མཆོག་གི་དགོངས་གཞི་སྒྲུབ་པའི་དམིགས་བསལ་གྱི་གོ་སྐབས་ཐོབ་པའི་ལས་དོན་ཞིག་ཡིན་པ་དང་། དཔེ་སྐྲུན་འདི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་བཞིན་པ་ལྟར། དཔལ་ན་ལནྜའི་སྲོལ་རྒྱུན་དང་བཞེད་གཞུང་དང་འབྲེལ་བའི་ཆ་ནས་གལ་གནད་ཆེན་པོ་ཞིག་རེད་ཅེས་གསུངས་བྱུང་།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀོད་མངགས་ལམ་སྟོན་གྱི་ཐོག་ནས་བྱུང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དེབ་པོད་བཞི་ཡོད་པའི་ཁོངས་ནས། པོད་དང་པོ་དེ་ནང་པའི་གཞུང་ནས་གསུངས་པའི་གོ་ལ་དང་རྡུལ་ཕྲན་ལ་སོགས་ཕྱིའི་གཟུགས་ཅན་གྱི་སྐོར་དང་། གཉིས་པ་དེ་སེམས་ཁམས་རིག་པ་སྟེ་ནང་ཤེས་པའི་སྐོར་ཡིན་ཞིང་། པོད་དང་པོ་གཉིས་འདི་ནང་པའི་གཞུང་ནས་གསུངས་པའི་གཞི་དངོས་པོའི་གནས་ལུགས་སམ་ཚན་རིག་དང་འབྲེལ་ཞིང་། པོད་གསུམ་པའི་ནང་བློའི་རྣམ་གཞག་ལ་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་གྱི་ཐོག་ནས་ལྟ་ཚུལ་བཤད་པ་དང་། པོད་བཞི་པའི་ནང་བློའི་རྣམ་གཞག་ལ་ན་ལེནྜའི་བཞད་གཞུང་ལས་ནང་པའི་གྲུབ་མཐའ་གོང་འོག་ནང་བཞད་ལུགས་མི་འདྲ་བ་ཡོད་པ་དེ་དག་འདུས་ཡོད་འདུག
བོད་ཡིག་ནང་བཞུགས་པའི་མདོ་དང་བསྟན་བཅོས་ཁག་དེང་སྐབས་སྐད་ཡིག་འདྲ་མིན་གྱི་ནང་ཕབ་བསྒྱུར་གྱི་ལས་གཞི་རྩོམ་མཁན་ཇི་སྙེད་ཅིག་ཡོད་ན་ཡང་། དེ་དག་སྡེ་ཚན་སོ་སོར་དབྱེ་ནས་ཕབ་བསྒྱུར་གྱི་ལས་གཞི་དེ་གཙོ་བོ་དགའ་ལྡན་ཕོ་བྲང་གི་གཟིགས་རྟོག་འོག་བྱུང་ཡོད་པ་དང་། དེ་དག་སྐད་ཡིག་མི་འདྲ་བའི་ནང་ཕབ་བསྒྱུར་གནང་སྐབས་བསྒྱུར་བ་པོ་སོ་སོའི་རྒྱབ་ལྗོངས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པ་ཁག་ཅིག་གིས་གནང་འདུག
དཔེ་དེབ་འདི་དག་དབྱིན་ཡིག་ནང་ཕབ་བསྒྱུར་ཟིན་རྗེས་དཔེ་བསྐྲུན་གྱི་འགན་ཡོངས་རྫོགས་ ཨ་རིའི་ནང་རྟེན་གཞི་བྱེད་པའི་(Wisdom)་དཔེ་བསྐྲུན་ཁང་ནས་གནང་ཡོད་པ་རེད།
དཔལ་ན་ལེནྜའི་བཞད་གཞུང་འདི་དག་ནི་རྒྱ་གར་གྱི་གནའ་བོའི་མཁས་པའི་གསུང་རྩ་ཆེན་བརྒྱ་ཕྲག་མང་པོ་དབྱིན་ཡིག་ནང་ཕབ་སྒྱུར་མ་ཐུབ་པར་གནས་ཡོད་སྟབས། ཚན་རིག་ཀུན་བཏུས་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེག་བམ་བཞི་ཡོངས་རྫོགས་དབྱིན་ཡིག་ནང་དཔར་སྐྲུན་ཟིན་པ་འདིས། དཔལ་ན་ལེནྜའི་བཞེད་གཞུང་རྩ་ཆེན་འདི་དག་ལ་སློབ་སྦྱོང་བྱེད་པའི་མདུན་པ་ཡོད་ལ་བོད་ཡིག་མི་ཤེས་མཁན་གྱི་མི་ཚོར་ཆེད་མངགས་དམིགས་ཏེ་དཔར་བསྐྲུན་ཞུས་པ་ཞིག་ཡིན་པ་དང་། ཌེནིཡལ་ཨེཊཀིན་ལགས་ཀྱིས་དཔར་སྐྲུན་འདི་དག་གྱི་བརྒྱུད་གསུང་རྩོམ་འདི་དག་རྒྱལ་སྤྱིའི་བགྲོ་གླེང་གྱི་སྡིངས་ཆ་ཁག་ཏུ་སྙོབས་པར་བྱེད་པ་དང་། འཛམ་གླིང་མི་མང་ལ་ཞབས་འདེགས་རླབས་ཆེན་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་འདི་ངོ་སྤྲོད་ཐུབ་པའི་རེ་བ་གནང་གི་འདུག
ད་དུང་(Wisdom)་དཔེ་བསྐྲུན་ཁང་གིས་འགན་འཁུར་ཐོག་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེག་བམ་གྱི་ནང་དོན་ཁག་རིམ་པས་དྲ་རྒྱའི་ཐོག་ནས་སློབ་ཁྲིད་གནང་རྒྱུའི་འཆར་གཞི་ཡོད་འདུག
ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་བཞི་ཅན་གྱི་ཕྱག་དེབ་རྣམས་བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག ཧྥ་རན་སིའི་སྐད་ཡིག འཇར་མཎ། ཨིན་དྷོ་ནེ་ཤི་ཡ། ཨི་ཊ་ལི། ཉི་ཧོང་། ཀོ་རི་ཡ། སོག་སྐད། པོར་ཅུ་གལ། ར་ཤི་ཡ། སིཔེན། ཝིཡེཏ་ནམ་བཅས་སྐད་ཡིག་༡༥ནང་ཕབ་བསྒྱུར་འདོན་སྤེལ་གནང་ཡོད་པ་རེད།
གླེགས་བམ་ཕྱག་དཔེ་བཞི་པོ་འདིའི་རྩོམ་སྒྲིག་འགན་འཁུར་བ་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། ཌེནིཡ་ཨེཊཀིན་ལགས་གཉིས་ཡིན་པ་དང་། འདི་ལོའི་ཕྱི་ཟླ་༡པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་གྱིས། གླེགས་བམ་བཞི་པ་དཔར་བསྐྲུན་དང་འབྲེལ་བའི་སྐོར་སྙན་སེང་ཞུས་སྐབས། གསུང་རྩོམ་འདིའི་གལ་གནད་སྐོར་དང་། ལྷག་པར་རིགས་ལམ་གྱི་དཔྱད་པ་བྱེད་པའི་སྲོལ་རྒྱུན་ལམ་ལུགས་ལྡན་པའི་དཔལ་ན་ལེནྜ་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནི། འཛམ་གླིང་མི་མང་ལ་ལེགས་སྐྱེས་ཀྱི་ཕྱག་རྟགས་ཤིག་ཡིན་པ་བཀའ་གནང་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་བཀའ་སློབ་ཁག་རིམ་པས་སྒྲ་ལྡན་ལས་རིམ་(Podcast)་ཐོག་ནས་ཀྱང་རྒྱང་བསྲིངས་ཞུ་འཆར་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཀྱང་བོད་ཡིག་ནང་གི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ནང་གི་ས་བཅད་སོ་སོར་ཕྱེ་ནས་སྒྲོལ་དཀར་ལགས་ཀྱིས་གཙོ་སྐྱོང་གནང་པའི་ཚོུད་གཅིག་ཅན་གྱི་ལེ་ཚན་ཁྱོན་བསྡོམས་༥༣རྒྱང་སྲིང་ཞུས་ཡོད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎