༸གོང་ས་མཆོག་གི་བྱམས་བརྩེའི་སྐོར་གྱི་བཀའ་སློབ་རྣམས་གང་མང་ཁྱབ་སྤེལ་བྱ་རྒྱུ་གལ་ཆེན་རེད་ཅེས། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནས་གསུངས་སོང་།

ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༦ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དེ་བཞིན་གཞུང་འབྲེལ་གྱིས་ཐོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་གནང་ཡོད་ཅིང་། ཐེངས་འདིའི་གཞུང་འབྲེལ་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Prem Singh Tamang མཆོག་ཆེད་ཕེབས་ཀྱིས། དེ་རིང་༸གོང་ས་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་ངས་འབྲས་ལྗོངས་མི་མང་གི་སྐུ་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་དང་། མགོན་པོ་གང་ཉིད་མཆོག་ལ་སྐུ་ཆུང་དུས་དཀའ་ཚེགས་མང་དག་ཅིག་བྱུང་ཡང་། འཛམ་གླིང་འདིའི་སྟེང་ཞེ་བདེ་དང་འཆམ་མཐུན་བསྐྲུན་ཐུབ་པ་བྱུང་ཡོད། ཉེ་སྔོན་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱིས་༸སྐུའི་འཁྲུངས་སྐར་དེ་བཞིན་འཛམ་གླིང་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་དང་། ༸གོང་ས་མཆོག་ནི་འཛམ་གླིང་ནང་པ་ཡོངས་ཀྱི་ཆེས་མཐོའི་དབུ་ཁྲིད་ལ་ངོས་འཛིན་གྱི་གྲོས་ཆོད་བཞག་ཡོད་པ་བཞིན། ང་ཚོས་མགོན་པོ་གང་ཉིད་མཆོག་གི་བྱམས་བརྩེའི་སྐོར་གྱི་བཀའ་སློབ་དང་། རླབས་ཆེ་བའི་དགོངས་པ་དེ་དག་གང་མང་ཁྱབ་སྤེལ་བྱ་རྒྱུ་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད། ཅེས་དང་། མཇུག་ཏུ་ངས་༸གོང་ས་མཆོག་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
ཐེངས་འདིའི་གཞུང་འབྲེལ་གྱི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་སྟེང་བཞུགས་སྒར་དུ་གནས་སྡོད་བོད་མི་སྟོང་ཚོ་བརྒལ་བས་དགའ་དད་སྤྲོ་གསུམ་གྱིས་ངང་ནས་སྲུང་བརྩི་ཞུས་སོང་ལ། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་ ༦༠ ལྷག་ཙམ་ཞིག་གི་ནང་ཐེངས་ ༣༠༠ མ་ཟིན་ཙམ་ཞིག་ཕྱོགས་ཕེབས་གནང་སྟེ། རྒྱལ་ཁབ་སོ་སོའི་ཆབ་སྲིད་དང་ཆོས་ལུགས་ཁག་གི་དབུ་ཁྲིད་ ༥༠༠ མ་ཟིན་ཙམ་ཞིག་ལ་མཇལ་མོལ་མཛད་ཡོད་པའི་སྐོར་དང་། ཕྱི་ལོ་ ༢༠༢༥ ལོར་མགོན་པོ་གང་ཉིད་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དེ་བཞིན་ལོ་ཧྲིལ་པོར་སྲུང་བརྩི་གནང་འཆར་ཡོད་ཅེས་གསུངས་སོང་།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། ཕྱི་ལོ་ ༢༠༢༥ ལོར་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་པ་བཞིན། སྐབས་དེ་དུས་བོད་མི་ཚོས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་གང་མང་ཞིག་སྤེལ་ཐུབ་ན་དགེ་མཚན་ཆེན་པོ་ཡོད་ཅེས་གསུངས་སོང་།
གཞི་རྩའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་ཨ་རིའི་ནང་ཞབས་པུས་སྨན་བཅོས་ལམ་ལྷོང་གིས་སྐུ་ངལ་གསོ་མུས་ཡིན་པ་རེད། དེ་རིང་༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོར་ཕེབས་མཁན་ཚེ་རིང་ཆོས་འཛོམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ༸གོང་ས་མཆོག་གང་མགྱོགས་དྲག་སྐྱེད་ཀྱིས་བཞུགས་སྒར་དུ་ཞབས་སོར་འཁོད་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།
ཐེངས་འདིའི་༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོར། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གཙོས། ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Tapir Gao ལགས། དེ་བཞིན་ཁེ་ན་ཌའི་ Ontario མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་འཁྲིད་ལགས། སུད་སི་ Oetwil am See གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས་བཅས་ཆེད་ཕེབས་གནང་ཡོད་པ་རེད།
གཞན་ཡང་དེ་སྔོན་རྒྱ་གར་རྒྱལ་ས་ལྡི་ལིར་ཨེ་ཤེ་ཡའི་ནང་པའི་ཞེ་བདེ་ལྷན་ཚོགས་སྐབས་ ༡༢ པའི་སྟེང་། ༸སྐུའི་འཁྲུངས་སྐར་དེ་བཞིན་འཛམ་གླིང་བྱམས་བརྩེའི་ཉིན་མོ་ཞེས་སྲུང་བརྩི་གནང་རྒྱུའི་གྲོས་ཆོད་བཞག་པ་བཞིན། སོག་པོ་དང་། ཤྲི་ལངྒ། དེ་བཞིན་ས་གནས་ཁག་མང་དག་ཅིག་ནང་དེ་རིང་གི་ཉིན་མོ་ནི་འཛམ་གླིང་བྱམས་བརྩེའི་ཉིན་མོ་ཞེས་སྲུང་བརྩི་གནང་བཞིན་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།