ཉི་ཧོང་གི་རྒྱལ་སར་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བ།


2016.07.05
ཉི་ཧོང་གི་རྒྱལ་སར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་པ། ༢༠༡༦།༧།༢ ཉི་ཧོང་གི་རྒྱལ་སར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་པ། ༢༠༡༦།༧།༢
tibet.net

༧གོང་ས་མཆོག་ལ་༧སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་ནི་བྱམས་བརྩེ་ཉམས་ལེན་གནང་རྒྱུ་དེ་ཡིན་ཅེས་ཉི་ཧོང་གི་རྒྱལ་ས་ཊོཀྱོའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༡་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཕྱི་ཟླ་༧་ཚེས་༢་ཉིན་སྲུང་བརྩི་ཞུས་སྐབས་གསུངས་འདུག།
དེ་ཡང་༧སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་དེ་ཉི་ཧོང་གི་རྒྱལ་ས་ཊོཀྱོའི་ནང་ཡོད་པའི་ སྙན་གྲགས་ཅན་གྱི་མགྲོན་ཁང་ཨོ་ཀུ་རའི་ནང་ཚུགས་འདུག་ཅིང་། ཉི་ཧོང་གི་གྲོས་ཚོགས་ཀྱི་འཐུས་མི་དང་ཕྱི་འབྲེལ་དཔོན་རིགས། བོད་དོན་རྒྱབ་སྐྱོར་བ་དང་བོད་མི། དེ་བཞིན་ཆེད་འབོད་སྐུ་མགྲོན་སོགས་མཉམ་ཞུགས་གནང་འདུག་ཅིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱང་ཆེད་ཕེབས་གནང་ཡོད་འདུག།
ཤར་ཨེ་ཤེ་ཡ་དང་ཉི་ཧོང་གི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་འཛམ་གླིང་ཡོངས་ལ་བྱམས་བརྩེ་དང་། འཚེ་མེད་ཞི་བའི་ལྟ་གྲུབ་གོང་སྤེལ་གཏོང་ཆེད་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་ཡོན་ཏན་གོང་མཐོར་གཏོང་ཐབས་མཛད་པར་གནང་མཁན་གྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ནི་དེང་གི་འཛམ་གླིང་ནང་ངེས་པར་དགོས་གལ་ཆེ་བའི་སྐོར་གསུངས་ཤིང་། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་ནི་བྱམས་བརྩེ་ཉམས་ལེན་གནང་རྒྱུ་དེ་ཡིན་པ་གསུངས་ཡོད་པ་རེད།
ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆནེ་པོ་མཆོག་གི་མཛད་རྣམ་དང་། རླབས་ཆེན་གྱི་མཛད་འཁུར་གསུམ་སྐོར་ངོ་སྤྲོད་གསུང་བཤད་གནང་པ་དང་ཆབས་ཅིག། ཉི་ཧོང་གཞུང་དམངས་གཉིས་ནས་ད་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་དང་། དེ་བཞིན་བོད་མིར་རྒྱབ་སྐྱོར་གནང་བཞིན་པ་དེ་དག་ནི་བོད་མིའི་སྙིང་སྟོབས་ཀྱི་གཞི་རྟེན་ལྟ་བུ་ཆགས་ཡོད་པ་གསུངས་ཏེ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།
དེ་བཞིན་མཛད་སྒོའི་ཐོག་ཕེབས་པ་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་བཙུགས་གནང་མཁན་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་དང་། འགྲོ་བ་མིའི་ཐོབ་ཐང་དགེ་རྩ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཀི་ནོ་སཡེ་ཤུས་ཀྱང་གསུང་བཤད་གནང་འདུག།
དེ་བཞིན་བཞུགས་སྒར་གཙོས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་ཕྱི་ཟླ་༧་པའི་ཚེས༦ཉིན། ༧གོང་ས་མཆོག་དགུང་གྲངས་༨༡ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་གྲ་སྒྲིག་གནང་བཞིན་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎