བོད་མི་ཚོས་མི་བཟང་པོ་ཞིག་བྱས་པ་ཡིན་ན་བོད་ཀྱི་མཚན་སྙན་གོང་འཕེལ་ཡོང་བར་ཕན་ཐོགས་ཡོད་ཅེས་བཀའ་སྩལ་བ།

2023.05.30
བོད་མི་ཚོས་མི་བཟང་པོ་ཞིག་བྱས་པ་ཡིན་ན་བོད་ཀྱི་མཚན་སྙན་གོང་འཕེལ་ཡོང་བར་ཕན་ཐོགས་ཡོད་ཅེས་བཀའ་སྩལ་བ། ༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་བཀའ་ཆོས་སྩལ་བའི་སྐབས། ༢༠༢༣།༠༥།༣༠ ཉིན།
OHHDL

བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་༣༠ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་ངོ་སྤྲོད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བའི་སྐབས། བདེ་སྐྱིད་ཡོང་བར་གཙོ་བོ་སེམས་བཟང་པོ་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ་ཞིང་། རྒྱུན་དུ་ཁ་ནས་འདོན་པ་འདོན་པ་དང་རྔ་རྡུང་བ། དེ་བཞིན་ལྷ་སྒོམ་པ་སོགས་ཆོས་ཀྱི་བྱེད་སྒོ་དེ་དག་ལས་ལྷག་པ་སེམས་པ་བཟང་པོ་བྱེད་རྒྱུ་དེ་ཡིན་པ་དང་། བོད་མི་ཚོས་མི་བཟང་པོ་ཞིག་བྱས་པ་ཡིན་ན་བོད་གངས་ཅན་ལྗོངས་ཀྱི་མཚན་སྙན་གོང་འཕེལ་ཡོང་བར་ཕན་ཐོགས་ཡོད་ཅེས་བཀའ་གནང་སོང་།

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སོ་སོའི་རང་དོན་བསྒྲུབ་པར་བྱང་ཆུབ་སེམས་ལས་ལྷག་པ་ཞིག་མེད་པ་མ་ཟད། གཞན་དོན་བསྒྲུབ་པར་ཡང་བྱང་ཆུབ་སེམས་ལས་ལྷག་པ་ཞིག་མེད། མདོར་ན་རང་གཞན་གཉིས་ཀྱི་དོན་བསྒྲུབ་པར་བྱང་ཆུབ་སེམས་ཉམས་ལེན་བྱེད་པ་ལས་ལྷག་པ་གང་ཡང་མེད་ཅེས་དང་། བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་པའི་རྗེས་འབྲས་སུ་རང་གཅེས་པར་འཛིན་པའི་བློ་དེ་ཉུང་དུ་བཏང་ནས་བཟང་པོའི་ཡོན་ཏན་རྣམས་ཉམས་ལེན་གནང་ཐུབ་ཅེས་བཀའ་གནང་སོང་།

ཐེངས་འདིའི་ནང་ཆོས་ངོ་སྤྲོད་ཐོག་ཧི་མ་ཅལ་མངའ་ཁུལ་གྱི་བོད་ཕྲུག་ཁྱིམ་སྡེ་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ལྔ་དང་སྡེ་ར་རྡུན་Selaqui བོད་ཁྱིམ་བཅས་ནས་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་མ་ ༩༨༥ འཛུལ་བཞུགས་གནང་ཡོད་པ་དང་། གཞན་མཐོ་སློབ་ཁག་ནས་སློབ་མ་ ༢༠༠ མ་ཟིན་ཙམ་ཕེབས་ཡོད་འདུག

ཡང་སྐབས་དེར་སློབ་ཕྲུག་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་ལས་རིམ་སྐབས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཞིག་གིས། སྐབས་རེར་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་སེམས་གཅིག་ཏུ་སྒྲིལ་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་སྐོར་བཀའ་འདྲི་ཞུས་པར།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེ་ལྟར་ཡོང་བར་གཙོ་བོ་སྒོམ་གྱི་ཐོག་ལ་དོ་སྣང་གནང་དགོས་གལ་ཆེ་ཞིང་། དེ་ཡང་དཔྱད་སྒོམ་དང་འབྱོར་སྒོམ་ཉམས་ལེན་བྱས་པ་ཡིན་ན་ཕན་ཐོགས་ཡོད་པ་བཀའ་གནང་སོང་། 

ཐེངས་འདིའི་ཉིན་དང་པོའི་བཀའ་ཆོས་སྐབས་བོད་རིགས་སློབ་མ་ ༡༣༠༠ ལྷག་གཙོ་བོ་གྱུར་བའི་དད་ལྡན་ཆོས་ཞུ་བ་སེར་སྐྱ་ཕོ་མོ་ ༥༦༠༠ ལྷག་བཅར་འདུག་ཅིང་། གྷོལ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་འཆི་མེད་ལགས་ཀྱིས། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུངས་པ་བཞིན་སྙིང་རྗེ་སྒོམ་པ་ཡིན་ན། སོ་སོའི་སེམས་ལྷོད་ལྷོད་ཆགས་བ་མ་ཟད། གཞན་ལ་ཡང་ཕན་ཐོགས་བསྒྲུབ་ཐུབ་པའི་སྐོར་ཐུགས་བརྩེ་ཆེན་པོས་བཀའ་སློབ་ལམ་སྟོན་གནང་སོང་བས། ཧ་ཅང་གི་ཕན་ཐོགས་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་། 

2023-05-30Dharamsala-G-02_SA19045.jpg

སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་ངག་དབང་སྒྲོལ་མ་ལགས་ཀྱིས། ༸གོང་ས་མཆོག་གིས། སེམས་བཟང་པོ་བྱེད་རྒྱུ་གལ་ཆེ་ཡིན་པ་དང་དེའི་ཕན་ཡོན་སྐོར་གསུངས་སོང་བས། ངས་གང་ཐུབ་ཀྱིས་སེམས་བཟང་པོ་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ལས་གཞི་དེ་ནི་ཕྱི་ལོ་ ༢༠༠༧ ལོར་མགོ་འཛུགས་གནང་བ་ཞིག་ཡིན་ཞིང་། འདི་ལོར་ཐེངས་ ༡༧ དེ་ཆགས་ཀྱི་ཡོད་པ་དང་། ཉིན་གཉིས་རིང་གི་སྔ་དྲོ་༸གོང་ས་མཆོག་གི་བཀའ་ཆོས་གྲུབ་པའི་རྗེས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཉིས་ནས་སློབ་ཕྲུག་ཚོར་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་ལས་རིམ་བང་སྒྲིག་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་སང་ཉིན་ཕྱི་ཚེས་ ༣༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སློབ་ཕྲུག་ཚོའི་ཤེས་རབ་གོང་འཕེལ་ཡོང་ཆེད་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག 

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎