༧གོང་ས་མཆོག་གིས་ལྡི་ལིའི་མཛད་འཆར་ཁག་ལེགས་གྲུབ།
2015.03.26
༧གོང་ས་མཆོག་གིས་ལྡི་ལིར་བདུན་གཅིག་རིང་གི་མཛད་འཆར་འདྲ་མིན་ལེགས་གྲུབ་གྱིས་ཕྱིར་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བདུན་ཕྲག་གཅིག་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་དེ་རིང་ཚེས་༢༦ཉིན་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་ཟླ་གསུམ་པའི་ཚེས་༡༨་ནས་ཚེས་༢༦་བར་སྔ་རྗེས་སུ་ཤྲི་ལངྐྰ་ནས་ཕེབས་པའི་གནས་བརྟན་སྡེ་པའི་དགེ་སློང་ཁག་གཅིག་དང་། ཨ་རིའི་གཞུང་ཚབ་མི་སྣ་བཅས་ལ་མཇལ་ཁ་དང་བླང་དོར་བཀའ་སློབ་བསྩལ་བ་དང་། ཕྱི་ཚེས་༢༠་ཉིན་ལྡི་ལིར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་ཀུན་ཕན་བདེ་རྩ་ཚོགས་པ་བཙུགས་ནས་ལོ་དགུ་ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་ལྡི་ལིའི་ནང་ཡོད་རྒྱ་གར་གྱི་སློབ་གྲ་འདྲ་མིན་ཁག་༡༨་དང་། དེ་བཞིན་ཤྲི་ན་གར་དང་། ཇར་མུ་ཀ་ཤི་མིར། བོད་ཁྱིམ་སློབ་གྲའི་སློབ་ཕྲུག་སོགས་ལ་བཀའ་སློབ་བསྩལ་བ། དེ་བཞིན་ཕྱེད་ཡོལ་དད་ལྡན་ཆོས་ཞུ་བ་གྲངས་༣༤༠་ལྷག་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་བསྩལ་བ།
ཚེས་༢༡་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ལས་སྣེ་འདྲ་མིན་ཐོག་རྒྱ་གར་གྱིི་ཆེད་ལས་པའི་མི་སྣར་བཀའ་སློབ་བསྩལ་བ། དེ་ཉིན་ཆིབས་སྒྱུར་གོ་བསྒྲིགས་ཚོགས་པ་ནས་༧གོང་ས་མཆོག་ལ་རྟེན་འབྲེལ་མཚོན་ཆེད་མངར་ཟས་འབུལ་ལམ་ཞུས་ནས་ཚོགས་བཅར་བ་ཡོངས་ནས་མགོན་པོ་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས། ཉིན་དགུང་རྗེས་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་འཕྲོ་སྐྱོང་མཛད་ཅིང་། ཚེས་༢༢་ཉིན་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་དི་ཀེ་ཇི་རི་ཝལ་མཆོག་དང་། བློན་ཆེན་གཞོན་པ་སྐུ་ཞབས་མ་ནི་ཤི་སི་ཌི་ཡ་མཆོག་ལ་མཇལ་ཁ་བསྩལ། ཚེས་༢༣་ཉིན་ཨེ་ཤ་ཡའི་ནང་མང་གཙོའི་ལམ་སྲོལ་སྲ་བརྟན་ཡོང་ཐབས་ཞེས་པའི་རྗོད་གཞིའི་ཐོག་ཉིན་གྲངས་གཉིས་རིང་གི་རྒྱལ་སྤྱིའི་ལྷན་ཚོགས་དབུ་འབྱེད་མཛད་སྒོར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་བ་དང་། ཕྱི་ཚེས་༢༤་དང་༢༥་ཉིན་གྲངས་གཉིས་རིང་ལྡི་ལིའི་གཙུག་ལག་སློབ་ཁང་དུ་ཚན་རིག་དང་། བཟང་སྤྱོད་ཤེས་ཡོན་ཞེས་པའི་ཐོག་ནས་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་ནས་ཕྱི་ཚེས་༢༦་ཉིན་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།
འདིའི་སྐོར་གནས་ཚུལ་རྒྱས་པ་ལྡི་ལི་ནས་བསོད་ནམས་དབང་འདུས་ལགས་ཀྱི་བཏང་གནས་དེ་གསན་རོགས།