སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བསྐྱར་དུ་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་ཞལ་བཞེས་བཀའ་བཟང་སྩལ་འདུག
འདི་ཚེས་ ༡༧ རེས་གཟའ་ཟླ་བའི་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་མཇལ་ཁ་རྩལ་སྐབས། བོད་བརྒྱུད་ནང་བསྟན་མཁས་དབང་དང་སྐུའི་ཡུན་རིང་མཛའ་ཤེས་ཀྱི་གྲོགས་པོ་རོ་བྷཊ་ཐར་མན་ (Robert Thurman) ལགས་དང་། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་ལ་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་ཞལ་བཞེས་མཛད་ཡོད་པ་ཁོང་གཉིས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་ཡང་མཇལ་ཁ་གྲུབ་མཚམས་སུ་སེ་ར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བར་ཧ་ཅང་སྐལ་བ་བཟང་པོ་བྱུང་སོང་ལ། མགོན་པོ་གང་ཉིད་ཀྱིས་དེ་སྔ་གུང་གྲངས་ ༡༡༣ བར་བཞུགས་རྒྱུའི་ཞལ་བཞེས་ཡོད་པ་བཞིན་བཞུགས་རོགས་ཞུས་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ ༡༡༣ ཕུལ་བས། ༸སྐྱབས་མགོན་ཆེན་པོ་མཆོག་གིས་གུང་གྲངས་ ༡༣༠ བར་བཞུགས་རྒྱུའི་རྟགས་མཚན་མང་པོ་འདུག་པས་སེམས་འཁྲལ་མི་དགོས་ཞེས་གསུངས་སོང་བས་ཧ་ཅང་སྐལ་བ་བཟང་པོ་བྱུང་སྐོར་གསུངས་སོང་།
གཞན་ཡང་དེ་རིང་མཇལ་བཅར་བའི་ཁྲོད་བོད་བརྒྱུད་ནང་བསྟན་གྱི་མཁས་དབང་རོ་བྷཊ་ཐར་མན་ (Robert Thurman) ལགས་ཀྱིས་དེ་རིང་མགོན་པོ་མཆོག་མཇལ་བར་ཧ་ཅང་སེམས་ཚོར་ཆེན་པོ་བྱུང་ཡོད་པ་དང་། མགོན་པོ་གང་ཉིད་ཀྱིས་ང་ཚོ་ཚང་མ་ཁོང་དང་ལྷན་དུ་ཡོད་པའི་མནལ་ལམ་ཞིག་ནང་། བོད་ཀྱི་ཆོས་སྐྱོང་སྲུང་མ་དཔལ་ལྡན་ལྷ་མོས་མགོན་པོ་མཆོག་ལ་ཁོང་གིས་འགྲོ་བར་ཕན་ཆེད་དགོངས་པ་ཡོད་པ་བཞིན་ག་ཚོད་བཞུགས་ཀྱང་བཞུགས་ཐུབ་ཅེས་གསུང་སྐོར་ཡོད་བཀའ་སྩལ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཁོང་གིས་མུ་མཐུད། ནང་པའི་ཆོས་ནང་སྒྱུ་ལུས་ཟེར་བ་ཞིག་ཡོད་པས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་ལྟར་ཡོད་ངེས་རེད། དངོས་གཙོ་རིང་ལུགས་པ་རྣམས་ཀྱི་དེར་བལྟ་ཚུལ་གང་འདྲ་ཡོད་ནའང་ཁྱད་པར་མི་འདུག ངས་བསམ་པར་ཁོང་ག་ཚོད་བཞུགས་དགོས་པ་གཟིགས་ཀྱང་བཞུགས་ཐུབ་ངེས་རེད། ལྷག་པར་དུ་དེང་སྐབས་འཛམ་གླིང་ནང་དབང་ཆ་སྒེར་གཅོད་པ་མང་དག་ཅིག་ཡོད་པའི་སྐབས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ང་ཚོའི་མཉམ་དུ་ཡུན་རིང་བཞུགས་རྒྱུའི་ཞལ་བཞེས་ཐོབ་པར་ཧ་ཅང་དགའ་བོ་བྱུང་ཞེས་གསུངས་བྱུང་།
དེ་མིན་མཇལ་ཁའི་སྐབས་རོ་བྷཊ་ཐར་མན་ལགས་ཀྱིས་རྨི་ལམ་ཞིག་ཀྱང་མགོན་པོ་མཆོག་ལ་སྙན་སེང་ཞུས་དོན་ལ། ངས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བར་ལམ་ལོ་མང་པོ་མཇལ་ཐུབ་མེད་པའི་སྐོར་ཞུས་པར། ཁོང་གིས་རྨི་ལམ་ནང་ལན་འདེབས་སུ་ང་ཚོའི་ལོ་ ༦༡ ལྷག་གི་གྲོགས་འདྲིས་རྗེས་ངོས་རང་དུས་རྟག་ཏུ་ཁྱེད་ཚོ་ཕྱག་ལས་ཡག་པོ་གནང་མཁན་རྣམས་ཀྱི་མཉམ་དུ་ཡོད་པ་ཤེས་ཀྱིས་མེད་དམ་ཞེས་བཀའ་སློབ་གནང་བའི་རྨི་ལམ་བསྟན་པ་ཞིག་འགྲེལ་བརྗོད་གནང་བ་དང་སྦྲགས། བོད་མི་ཡོངས་ཀྱིས་སེམས་ཤུགས་མ་ཆགས་པའི་ཐོག་ནས་བདེན་པའི་འཐབ་རྩོད་མུ་མཐུད་བྱ་དགོས་པ་དང་ད་བར་སེམས་བཟང་པོ་དང་བློ་སྤོབས་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་གསུངས་སོང་།
རྩ་བའི་ཐེངས་འདི་རོ་བྷཊ་ལགས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། ཀེ་ཊི་སི་གྷལ་ (Kate Siegel) རྣམས་ཀྱིས་དབུ་འཛུགས་གནང་བའི་ (Mastery, Mystery, Meaning) ཞེས་པའི་ཚོགས་པའི་གོ་སྒྲིག་འོག འགོ་ཁྲིད་དང་། འཐབ་རྩོད་པ། ཚོང་པ་ཁེ་ལས་པ། སྒྱུ་རྩལ་བ་སོགས་རྒྱལ་ཁབ་ ༡༨ ནས་ཚོགས་མི་ ༥༤ ཡིས་དེ་རིང་མགོན་པོ་མཆོག་གི་མཇལ་ཁ་ཞུས་འདུག
གཞན་ཡང་མཇལ་བཅར་བའི་ཁྲོད། སོག་པོའི་ཏེ་ལོ་རིན་པོ་ཆེས་རྡ་རམ་ས་ལར་མཚམས་གཟིགས་དང་སྦྲགས་སོག་པོའི་དད་ལྡན་པ་ ༢༧ དང་ལྷན་༸སྐྱབས་མགོན་ཆེན་པོ་ཆོག་གིས་མཇལ་ཁ་ཞུས་འདུག་ལ། སོག་པོ་རྣམས་ལ་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་གནས་སྟངས་སྟོན་ཆེད་སྐོར་བསྐྱོད་གནང་འཆར་འདུག་ལ། རིན་པོ་ཆེས་དེ་ལྟར་བྱས་ན་སོག་པོ་ཚོས་༸རྒྱལ་བ་རིན་པོ་ཆེས་བོད་མིའི་ཆེད་མཛད་པ་རླབས་ཆེན་བསྐྱངས་གནང་ཡོད་པ་གོ་རྟོགས་ཡོང་བར་ཕན་ཐོགས་ཡོང་ངེས་ཡིན་པ་གསུངས་བྱུང་། ཡང་དེ་རིང་གི་མཇལ་བཅར་བ་ ༤༤༠ ཡོད་པའི་ནང་འདི་ལོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོ་འཕྲུལ་སྨོན་ལམ་གྱི་ཚོགས་ལ་འབྲས་སྤུངས་དགོན་པ་ནས་ལྷན་བཅར་ཞུ་མཁན་དགེ་བཤེས་ལྔ་ཡང་ཕེབས་འདུག
གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་རེའི་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་སུ་སྐུ་མགྲོན་དང་། མང་ཚོགས་ལ་མཇལ་ཁ་སྩལ་གནང་གི་ཡོད་པ་རེད། །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།