༸གོང་ས་མཆོག་སྐུ་ཁམས་གསལ་ཐང་ངང་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

2023.10.12
༸གོང་ས་མཆོག་སྐུ་ཁམས་གསལ་ཐང་ངང་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ། ༸གོང་ས་མཆོག་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་པའི་སྐབས། ༢༠༢༣།༡༠།༡༢ ཉིན།
RFA/Tenzin Woser

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་མགུལ་ཆམ་བཞེས་པའི་རྐྱེན་གྱིས་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་ཕྱི་ཟླ་ ༡༠ པའི་ཚེས་ ༨ ཉིན་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་གནང་མཛད་དེ། འདི་ཚེས་ ༡༢ ཉིན་གྱི་སྔ་དྲོ་མགོན་པོ་གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་ངང་ནས་ཐུགས་དགྱེས་ཚོར་ཆེན་པོས་བཞུགས་སྒར་དྷ་རམ་ས་ལར་ཕྱིར་༸ཞབས་སོར་བདེ་བར་འཁོད་གནང་སོང་།

འདི་ག་རླུང་འཕྲིན་ཁང་གིས། ༸སྐུའི་ཕྱི་ལུགས་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་སུ། ༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཇི་ལྟར་བྱུང་ཡོད་པའི་སྐོར་བཀའ་འདྲི་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་སྙུན་གཞི་ལྗིད་པོ་བཞེས་མེད་པར་བརྟེན། ལྡི་ལིའི་ཁུལ་གྱི་སྨན་ཁང་དུ་ཕེབས་དགོས་བྱུང་མེད་པས། བཞུགས་གནས་གསོལ་མགྲོན་ཁང་རང་གི་ནང་དུ་བརྟག་དཔྱད་གནང་བའི་རྗེས་འབྲས་སུ། ད་ལྟའི་ཆར་མགོན་པོ་གང་ཉིད་མཆོག་གི་སྐུ་ཁམས་ཧ་ལམ་སྔར་རྒྱུན་བཞིན་གསལ་ཐང་རེད་འདུག་ཅེས་གསུངས་བྱུང་། 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་མ་ཐག བོད་ཀྱི་ཟློས་གར་ཚོགས་པས་རྐང་བྲོ་གླུ་གཞས་ཀྱི་མཆོད་པའི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་པར་མ་ཟད། གནམ་ཐང་དེ་ཉིད་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་བར་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་སེར་སྐྱ་མི་མང་རྣམས་ཀྱིས་ལག་ཏུ་གདུག་སྤོས་དང་མཇལ་དར། མེ་ཏོག་དང་མཆོད་རྫས་སོགས་བསྣམས་ཏེ་མགོན་པོ་གང་ཉིད་མཆོག་ཕེབས་བསུ་གཟབ་རྒྱས་ཞུས་གནང་སོང་།

སྐབས་དེར་སུད་སི་ནས་ཡིན་པའི་ཝི་ཝན་ལགས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གསེར་ཞལ་མཇལ་བ་ཙམ་གྱིས་རང་བཞིན་གྱི་སེམས་ལ་དགའ་ཚོར་ཚད་མེད་ཡོང་གི་འདུག ད་རེས་སླར་ཡང་༸ཁོང་མཇལ་རྒྱུའི་ཆེད་དུ་འདིར་ཡོང་བ་ཡིན། འཛམ་གླིང་ནང་ཁོང་ལྟ་བུ་དབུ་ཁྲིད་ཅིག་ཡོད་པ་ནི་ང་ཚོ་ཚང་མའི་བསོད་ནམས་ཡིན་ཞེས་གསུངས་བྱུང་།

ཡང་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་བསྟན་འཛིན་དབྱངས་སྒྲོན་ལགས་ཀྱིས། ༸གོང་ས་མཆོག་སྐུ་ཁམས་གསལ་ཐང་ངང་ཕྱིར་༸ཞབས་སོར་འཁོད་པའི་སྐབས། གླུའི་མཆོད་པ་འབུལ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་ཚོར་གྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་། 

ཡང་སི་ལོ་ཝ་ཀིའི་རྒྱལ་ཁབ་ནས་ཡིན་པའི་ཡ་ན་ལགས་ཀྱིས། ༸གོང་ས་མཆོག་དངོས་སུ་མཇལ་བའི་ཚོར་བ་དེ་བརྗོད་མི་ཤེས་པ་ཞིག་འདུག རྒྱུ་མཚན་ནི། མགོན་པོ་གང་ཉིད་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དང་། བྱམས་བརྩེ་ལྡན་པའི་ཞལ་རས་འདི་མཇལ་བའི་སྐབས་རང་བཞིན་གྱིས་སེམས་ནང་དགའ་བ་དང་བདེ་སྐྱིད་ཚད་མེད་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་ཆ་ནས་གཟའ་འཁོར་རྗེས་མའི་ནང་། རྒྱ་གར་འབྲས་ལྗོངས་མངའ་སྡེའི་ནང་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་ཀྱང་། མངའ་སྡེ་དེའི་ནང་ཆུ་ལོག་གི་གོད་ཆགས་བྱུང་རྗེས། ད་ལྟའི་ཆར་ངལ་སེལ་གྱི་ལས་དོན་རིགས་ལ་གཉེར་བཞིན་ཡོད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་གྱི་མཛད་འཆར་ཁག་གནས་སྐབས་རིང་ཕྱིར་བཤོལ་མཛད་ཡོད་པ་རེད།

གཞན་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་མཚོག་གི་མཛད་འཆར་གསལ་བསྒྲགས་གནང་བར་གཞིགས་ན། རིང་མིན་ཕྱི་ཟླ་ ༡༡ ཚེས་ ༢༦ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་གྱིས་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་སྐྱོང་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎