འཛམ་གླིང་གི་ཡུལ་གྲུ་གང་སར་སྤྱི་ནོར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་འདུག

སྤྱི་ཟླ་༧པའི་ཚེས་༦ཉིན་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༩ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་པར་བརྟེན། ཉིན་ཤས་གོང་ནས་འཛམ་གླིང་གི་ཐེ་ཝན་དང་། ཡོ་རོབ་ཀྱི་ཡུལ་གྲུ་བྷེལ་ཇམ་ལ་སོགས་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༩ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་འགོ་ཚུགས་ཡོད་པ་དང་། སོག་ཡུལ་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཚེ་སྒྲུབ་དང་སྲོག་བསླུ་ཚེ་ཐར། དེ་བཞིན་ཤིང་སྡོང་འདེབས་འཛུགས་སོགས་ཀྱི་ལམ་ནས་སྐུའི་འཁྲུང་སྐར་སྲུང་བརྩི་ཞུ་བཞིན་པ་དང་། སོག་ཡུལ་པ་ཡང་ཧོང་ཀོར་མངའ་སྡེའི་ནང་གི་དགའ་ལྡན་བདེ་ལྡན་གླིང་དགོན་དུ། ཟླ་བ་འདིའི་ཕྱི་ཚེས་༧བར་ཉིན་གྲངས་གསུམ་རིང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་དྭངས་སྐྱེད་ཡོང་བ་དང་། སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའི་ཆེད་དུ་ཏཱ་རེ་ཡིད་བཞིན་འཁོར་ལོའི་རྣལ་འབྱོར་དང་འབྲེལ་བའི་སྒོ་ནས་ཚེ་སྒྲུབ་འཚོག་བཞིན་ཡོད་པ། ཞབས་རིམ་གོ་སྒྲིག་ཞུ་མཁན་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། སྤྱིར་སོག་ཡུལ་ནང་ཕྱི་ལོ་༡༩༣༧རྗེས་སུ་འདི་ལྟ་བུའི་ཚེ་སྒྲུབ་འཚོགས་པ་ནི་ད་རེས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། ཚེ་སྒྲུབ་དེ་སོག་ཡུལ་གྱི་དགོན་སྡེ་ཁག་དང་ཚོགས་པ་ཁག་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་ལ། སྐུའི་འཁྲུངས་སྐར་ཉིན་སོག་ཡུལ་ནང་གི་དད་ལྡན་མང་ཚོགས་ནས། ར་ལུག་དང་རྔ་མོང་སོགས་སེམས་ཅན་༢༠༠ལྷག་ཚེ་ཐར་གཏོང་རྒྱུ་དང་ཤིང་སྡོང་༡༡༣འདེབས་འཛུགས་གནང་རྒྱུ་ཡིན་འདུག
རྒྱ་གར་སྡེ་ར་ལྡུན་ཁུལ་གྱི་བོད་མི་ཚོས་རྩི་ཤིང་༣༠༠༠ལྷག་འདེབས་འཛུགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༩ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
ཕྱི་ཟླ་དྲུག་པའི་ཚེས་༢༩ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། འབྲས་སྤུངས་དགོན་པའི་དགེ་བཤེས་ངག་དབང་བཟོད་པ་ལགས་སྐུ་མགྲོན་གཙོ་བོར་གདན་ཞུ་ཐོག ཇི་ནི་ཝའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་སོགས་ས་གནས་དེར་གནས་བཞུགས་དགེ་འདུན་པ་དང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བཅས་བོད་མི་བརྒྱ་གྲངས་ལྷག་ལྷན་འཛོམས་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་གྲངས་༨༩འི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
ཧྥ་རན་སིར་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། པེ་རེ་སི་འབྲེལ་མཐུད་ལས་ཁུངས་ཐུན་མོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མཆོག་གི་འཁྲུངས་སྐར་གྲོས་ཚོགས་གོང་མའི་ཚོགས་ཁང་(Les Salons Tournon)་ནང་སྲུང་བརྩི་ཞུས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་(Jacqueline Eustache-Brinio)་གཙོས་གྲོས་ཚོགས་འཐུས་མི་དང་། ཚོགས་སྡེ་ཁག་གི་སྐུ་ཚབ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་བཅས་ཁྱོན་སྐུ་མགྲོན་༥༠་ལྷག་མཉམ་ཞུགས་གནང་ཡོད་འདུག
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་སྐད་གྲགས་ཆེ་བའི་གྲོང་ཁྱེར་དཀྱིལ་དབུས་ཐང་(Time Square)་གི་ཚོང་ལས་ཁྱབ་བསྒྲགས་བྱེད་ཡུལ་གྱི་འཆར་ངོས་མང་པོའི་རྩེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་མཉམ་སྐུའི་འཁྲུངས་སྐར་ཉིན་བཀྲ་ཤིས་རྟེན་འབྲེལ་ཞུ་ཞེས་འཆར་ངོས་བརྒྱུད་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་འདུག
དེ་བཞིན་སྐུའི་འཁྲུངས་སྐར་དང་འབྲེལ་ཨ་མི་རི་ཀའི་ནུབ་དབུས་འདུ་འཛོམས་ཆེན་དེ་ཨ་རིའི་ཆའེ་ཀཱ་གྷོ་(Chicago)་གྲོང་ཁྱེར་དུ་འཚོགས་བཞིན་པ་དང་། དེར་བོད་མི་རྩེད་འགྲན་པ་དང་གཞས་སྣ་འཁྲབ་སྟོན་པ་བཅས་མི་གྲངས་༤༠༠ལྷག་མཉམ་ཞུགས་འདུ་འཛོམས་བྱུང་འདུག
* འབྲེལ་ཡོད་གནས་ཚུལ།
ཐེ་ཝན་དུ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
༧གོང་ས་མཆོག་གི་འཁྲུངས་སྐར་ཆེད་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་སྤྱི་སྤྱོད་རླངས་འཁོར་ཐོག་འཚམས་འདྲིའི་སྦྱར་བྱང་སྤེལ་འདུག
༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་དེ་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོར་སྲུང་བརྩི་གནང་རྒྱུ་ཡིན་འདུག
གསར་འགོད་པ། ས་གནས་ཁག་གི་གནས་ཚུལ་ཕྱོགས་བསྡུས།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།