༧གོང་ས་མཆོག་གིས་ལྡི་ལིར་དགེ་ལས་སློབ་ཕྲུག་ལྔ་སྟོང་ལྷག་ལ་བཀའ་སློབ་བསྩལ་རྒྱུ་རེད།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Salwan Public School)་སློབ་གྲྭར་དགེ་ལས་སློབ་ཕྲུག་༥༠༠༠ཙམ་ཞིག་ལ་ཕྱི་ཟླ་༡༢ཚེས་༢༡ཉིན་བྱམས་སྙིང་རྗེ་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་ཞིང་། སློབ་གྲྭ་འདི་ནི་རང་ལས་གཞན་གཅེས་པར་བཟུང་དགོས་པའི་བསླབ་བྱ་གཙོ་དོན་བྱེད་མཁན་ཞིག་ཡིན་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཕྱི་ཚེས་༢༠ཐམ་པའི་ཉིན་ལྡི་ལི་(Gurgaon)་དུ་ཡོད་པའི་སཱལ་ཝན་(Salwan Public School)་སློབ་གྲྭར་དངོས་སུ་བཅར་ནས་སང་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གྲ་སྒྲིག་ཞུ་ཕྱོགས་ཐད་རྒྱུད་ལོན་ཞུས་ཐོག སློབ་གྲྭའི་སློབ་སྤྱི་(Rashmi Malik)རཤ་མི་མཱ་ལིཀ་ལགས་དང་མཇལ་འཕྲད་ཞུས་ཡོད་པ་རེད། ལྕམ་མཱ་ལིཀ་ལགས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ང་ཚོའི་སློབ་གྲྭར་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་དེ་ནི་བསྐལ་བ་བཟང་པོར་ངོས་འཛིན་བྱེད་བཞིན་ཡོད་ལ། ང་ཚོ་སློབ་གྲྭའི་ངོས་ནས་གྲ་སྒྲིག་འཐུས་ཚང་ཞུ་ཡོད་ཅེས་དང་། ཡང་ཁོང་གིས་མུ་མཐུད། སློབ་གྲྭའི་ནང་སློབ་ཕྲུག་རྣམས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་གྱི་སྙིང་བསྡུས་གང་སར་སྦྱར་བ་དང་། རི་མོའི་སྒྱུ་རྩལ་གྱི་ལམ་ནས་ཁོང་གི་སྐུ་པར་བྲིས་ནས་དགའ་སྤྲོའི་ཕེབས་བསུ་ཞུ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་བཤད་ཞུ་བར་ལྡི་ལིའི་ནང་གི་སློབ་གྲྭ་ཁག་༡༦གི་སློབ་ཕྲུག་ལྔ་སྟོང་ཙམ་དང་། དེ་བཞིན་སློབ་སྤྱི་དང་དགེ་རྒན། སློབ་ཕྲུག་གི་ཕ་མ། དམིགས་བསལ་གདན་ཞུས་སྐུ་མགྲོན་སོགས་མང་པོ་བཅར་རྒྱུ་ཡིན་འདུག
སཱལ་ཝན་སྒེར་གཉེར་སློབ་གྲྭའི་སློབ་སྤྱི་མཱ་ལིཀ་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཀའ་སློབ་བསྩལ་བ་བརྒྱུད་སློབ་ཕྲུག་ཚོའི་སེམས་རྒྱུད་ལ་བརྩེ་བ་དང་། བྱམས་སྙིང་རྗེ། ཞི་བདེ་ལ་སོགས་པའི་གནད་དོན་མང་དག་གི་ཐོག་ཁེ་ཕན་ཡོང་ངེས་ཡིན་པ་དང་། དེ་ནི་གལ་འགངས་ཆེ་ཞིང་། སློབ་ཕྲུག་དེ་དག་ནི་མ་འོངས་སོན་རྩ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
སཱལ་ཝན་སློབ་གྲྭ་འདི་ནི་ཕྱི་ལོ་༡༩༥༣ལོར་(Pandit Girdhari Lal Salwan) པཱན་ཌིཏ་གྷིར་རྡ་རི་ལཱལ་སཱལ་ཝན་ལགས་ཀྱིས་ཕྱི་ལོ་༡༩༥༣ལོར་བཙུགས་གནང་པ་ཞིག་ཡིན་ཞིང་། སློབ་གྲྭའི་དམིགས་ཡུལ་ནི་རང་ལས་གཞན་གཅེས་པར་བཟུང་རྒྱུ་དེ་ཡིན་འདུག (Pandit Girdhari Lal Salwan)་པཱན་ཌིཏ་གྷིར་རྡ་རི་ལཱལ་སཱལ་ཝན་ལགས་ནི་ཕྱི་ལོ་༡༩༤༧ལོར་རྒྱ་གར་དང་པ་ཀིསི་ཐན་ཡུལ་གྲུ་གཉིས་སུ་གྱེས་པའི་སྐབས། པ་ཀིསི་ཐན་ནས་རྒྱ་གར་དུ་འབྱོར་བཞིན་པའི་བུ་ཕྲུག་ཚོར་འཚོ་བའི་རོགས་རམ་དང་ལྷག་པར་དུ་ཤེས་ཡོན་ཐད་རོགས་འདེགས་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པའི་ལོ་མང་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སློབ་གྲྭ་མི་འདྲ་བ་མང་པོའི་ནང་བྱམས་བརྩེ་དང་འབྲེལ་བའི་བཀའ་སློབ་ལན་མང་གནང་ཡོད་ལ། ལྡི་ལིའི་གཞུང་གི་སློབ་གྲྭ་ཁག་ནང་ཆོས་ལུགས་ལ་བརྟེན་པའི་སྒོ་ནས་ཡ་རབས་སྤྱོད་བཟང་གི་ཤེས་ཡོན་ངོ་སྤྲོད་ཐུབ་ན་དགེ་ཚན་ཆེ་བའི་སྐོར་གཞུང་གི་དཔོན་རིགས་ཁག་ལ་དགོངས་འཆར་དང་རེ་སྐུལ་ཤུགས་ཆེ་གནང་འབྲས་སུ། ད་ཆ་ལྡི་ལི་གཞུང་གི་གཉེར་བའི་སློབ་གྲྭ་ཚང་མའི་ནང་སཱི་ཤེས་ཡོན་ལམ་ལུགས་ཀྱི་སློབ་ཚན་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།
ཕྱི་ཚེས་༢༢ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་དང་། ད་བར་ཡོངས་ཁྱབ་གནང་ཟིན་པའི་མཛད་འཆར་ལྟར་ན། ཕྱི་ཟླ་༡༢བའི་ཚེས་༢༩ནས་༣༡བར་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་། སྒྲོལ་མ་ཉེར་ཅིག་གི་རྗེས་གནང་བཅས་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།