སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་འཁོད་གནང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱ་ས་ལྡི་ལི་དང་། གནས་མཆོག་རྡོ་རྗེ་གདན་བཅས་ཀྱི་མཛད་འཆར་ཆེད་འདི་ཚེས་༡༩ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། ལྡི་ལིའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་༡༢བའི་ཚེས་༢༠རེས་གཟའ་མིག་དམར་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རུ་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཚེས་༢༡ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་ (Salwan public school)་རུ་ལྡི་ལི་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གི་དགེ་ལས་སློབ་ཕྲུག་རྣམས་ལ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་(Secular Ethics)གི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། དེ་ནས་སྤྱི་ཚེས་༢༢ཉིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་ཐོན་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་རྗེས། ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུ་གནས་སྡོད་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་དངོས་སུ་མཇལ་མེད་ན་ཡང་ས་གནས་སུ་ཞབས་སོར་བདེ་བར་འཁོད་པས་དམིགས་བསལ་དགའ་ཚོར་བྱུང་ལ་གསུངས་བྱུང་།
ཡང་ལྡི་ལི་གནས་སྡོད་བསྟན་འཛིན་སྐལ་བཟང་ལགས་ཀྱིས། དེ་རིང་ལྡི་ལིར་གནམ་གཤིས་འཐིབ་འདུག་པས་ཅུང་སེམས་ཁྲལ་བྱུང་། ཡིན་ན་ཡང་ད་ཆ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་པས་དགའ་ཚོར་བྱུང་ཟེར།
མཛད་འཆར་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་༡༢བའི་ཚེས་༢༩ནས་༣༡བར་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་། སྒྲོལ་མ་ཉེར་ཅིག་གི་རྗེས་གནང་བསྩལ་རྒྱུ་རེད་འདུག་ལ། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བ་ནས་ད་ཆ་ཅུང་ཞི་ལྷོད་རྗེས་༧གོང་ས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས་བ་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།