བྱང་ཨ་རིའི་བོད་མི་ཡོངས་དང་བོད་ཁྱིམ་སློབ་ཟུར་ཚོགས་པས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

2022.10.26
བྱང་ཨ་རིའི་བོད་མི་ཡོངས་དང་བོད་ཁྱིམ་སློབ་ཟུར་ཚོགས་པས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། བྱང་ཨ་རིའི་བོད་མི་ཡོངས་དང་བོད་ཁྱིམ་སློབ་ཟུར་ཚོགས་པས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས། ༡༠།༢༦།༢༠༢༢
OHHDL

༧གོང་ས་མཆོག་གང་ཉིད་ཀྱིས་ད་བར་བོད་བསྟན་སྲིད་ཀྱི་དོན་དུ་མཛད་འཕྲིན་བསྐྱངས་པ་དེ་དག་འཕགས་པ་སྤྱན་རས་གཟིགས་ལ་བསྒྲུབ་པའི་མཆོད་པ་མཚོན་ཐུབ་ཅེས་བརྟན་བཞུགས་སྐབས་བཀའ་བསྩལ་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཟུར་ཡོངས་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཐུན་མོང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༡༠པའི་ཚེས་༢༦ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།
སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཀའ་སློབ་གནང་བའི་ནང་། མགོན་པོ་གང་ཉིད་ནས་ད་བར་བོད་བསྟན་སྲིད་ཀྱི་དོན་དུ་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་དང་སྐྱོང་མུས་ཡིན་པ་དེ་དག་འཕགས་པ་སྤྱན་རས་གཟིགས་ལ་བསྒྲུབ་པའི་མཆོད་པ་མཚོན་ཐུབ་ཅེས་དང་། བོད་གངས་ཅན་ལྗོངས་དང་འཕགས་པ་སྤྱན་རས་གཟིགས་གཉིས་བར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་བཀའ་གནང་ཞིང་། གང་ཉིད་དགུང་གྲངས་༡༡༠ལ་བཞུགས་ཐུབ་པའི་རྟགས་དང་མཚན་མ་བྱུང་ཡོད་པར་བརྟེན། འབྱུང་འགྱུར་མུ་མཐུད་དུ་བོད་བསྟན་སྲིད་ཀྱི་དོན་དུ་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་སྐལ་བཟང་གི་ཞལ་བཞེས་གནང་སོང་ལ། འཛམ་གླིང་གི་མི་མང་ས་ཡ་མང་པོས་གང་ཉིད་མཆོག་ལ་དགའ་མོས་གནང་གི་ཡོད་པ་དེ་ནི་གཞན་ཕན་གྱི་ལས་དོན་གྲུབ་པའི་རྗེས་འབྲས་ཡིན་པ་བཀའ་གནང་སོང་།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་ད་ལྟའི་བར་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། བྱང་ཆུབ་ཀྱི་སེམས་སྒོམ་ན་སེམས་སྐྱིད་པ་དང་། སེམས་སྐྱིད་པའི་ཐོག་ནས་ལུས་པོ་བདེ་བ་ཏན་ཏན་ཡོང་གི་ཡོད་པ་གསུངས་ཤིང་། རྒྱུན་དུ་གང་ཉིད་མཆོག་སྔ་དྲོ་སྐུ་བཞེངས་གནང་མ་ཐག་ཏུ་བྱང་ཆུབ་སེམས་ཉམས་ལེན་བྱེད་ཀྱི་ཡོད་པ་དེས་ཞེད་སྣང་དང་། དངངས་སྐྲག་ཁྱོན་ནས་མེད་པར་སྙིང་སྟོབས་ཤིག་ཀྱང་ཡོང་གི་ཡོད་པར་བརྟེན། གང་ཉིད་མཆོག་གིས་ཆོས་གྲོགས་ཚོས་ངེས་པར་དུ་བྱང་ཆུབ་ཀྱི་སེམས་ཉམས་ལེན་གང་ཐུབ་གནང་དགོས་པ་བཀའ་སློབ་ལམ་སྟོན་ཕེབས་གནང་སོང་།
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཚེ་འདིར་ངོས་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་རྣམས་ཚེ་རབས་ནས་ཚེ་རབས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་གཏན་གྱི་འདུན་མ་འགྲུབ་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད། ཚང་མས་ངོས་ལ་དད་པ་དང་དགའ་ཞེན་བྱས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ཀྱིས་བཀའ་རྩོམ་མཛད་པའི་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་བཤད་ལུང་བཀའ་དྲིན་སྩལ་ཏེ། མཐར་བརྟན་བཞུགས་གནང་སྒོ་ལེགས་པར་འགྲུབ་སོང་།

2022-10-26-Dharamsala-G05_SA15641.jpg
ད་རེས་བརྟན་བཞུགས་ཆེད་དུ་བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ནས་དད་ལྡན་པ་༢༠༠མ་ཟིན་ཙམ་ཕེབས་འདུག་ཅིང་། ཨ་རི་ནེའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐལ་བཟང་དབང་མོ་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་གནས་རྒྱུ་ནི་བོད་པ་ཙམ་མིན་པར་འཛམ་གླིང་སྤྱིའི་རེ་བ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་ཁྱིམ་སློབ་གྲྭའི་སློབ་ཟུར་དང་མི་ནི་སོ་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་བཀྲིས་ཉི་མ་ལགས་ཀྱིས། ༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་སླད་གཞིས་བྱེས་གཉིས་གཅིག་སྒྲིལ་དགོས་རྒྱུ་གལ་ཆེ་ཡིན་པ་གསུང་གི་འདུག
དེ་བཞིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་བོད་ཁྱིམ་སློབ་གྲྭའི་སློབ་ཟུར་ཚོགས་པ་ཞིག་བརྟན་བཞུགས་ལ་ཕེབས་འདུག་ཅིང་། སློབ་ཟུར་ཚོགས་པ་དེ་ཉིད་ཀྱི་ཚོགས་གཙོ་བསོད་ནམས་ཆོས་འཛོམས་ལགས་ཀྱིས། ད་རེས་༧གོང་ས་མཆོག་གི་གསེར་ཞལ་དངོས་སུ་མཇལ་ཏེ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་ཧ་ཅང་གི་ངོ་མཚར་ཆེ་ཞིང་། ལྷག་ཏུ་རྒྱལ་སྤྱིའི་བོད་ཁྱིམ་སློབ་ཟུར་ཚོགས་པས་གོ་སྒྲིག་དང་སྡོད་གནས་སོགས་གོ་སྒྲིག་གནང་བར་ཐུགས་རྗེ་ཞུས་གནང་སོང་།
གཞན་ཡང་ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས། བོད་ཕྲུག་ཁྱིམ་སྡེ་ཚོགས་པའི་དགེ་ལས་སློབ་ཟུར་༥༠༠ལྷག་ཚུད་པའི་རྒྱལ་ཁབ་ཕྱི་ནང་ནས་དད་ལྡན་མི་མང་སྟོང་ཕྲག་བརྒལ་བ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་ལ་བཅར་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎