ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་༧གོང་ས་མཆོག་མཇལ་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག

2023.07.10
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་༧གོང་ས་མཆོག་མཇལ་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་༧གོང་ས་མཆོག་མཇལ་སྐབས། ༠༧།༠༩།༢༠༢༣
CTA

འདི་ཚེས་༩ཉིན་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཀྱིས་སྣེ་ཁྲིད་འོག་ལྡི་ལིར་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་དང་། ཨ་རིའི་རོགས་དངུལ་ཐེབས་རྩ་ཁང་གི་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་སོགས་ཡོད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། ལྡི་ལི་དོན་གཅོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་མཉམ་ཞུགས་གནང་འདུག
གནས་ཚུལ་དེ་ཐོན་མ་ཐག་ཕྱི་ཚེས་༡༠ཉིན་རྒྱ་གར་གྱི་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁང་གིས་དེ་འབྲེལ་གསར་འགོད་གསལ་བསྒྲགས་ཞིག་སྤེལ་ཡོད་པའི་ནང་། བོད་ཀྱི་གནད་དོན་དེ་ནི་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཡིན་པས་དེར་ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་བྱུས་བྱེད་རྒྱུའི་དབང་ཆ་མེད། ལྕམ་(Uzra Zeya)ལགས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་གནས་དེ་ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུར་དམིགས་པའི་ཆབ་སྲིད་ཀྱི་ངན་བྱུས་ཞིག་ཡིན་པ་སོགས་སྐྱོན་བརྗོད་བྱས་འདུག
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཁ་བྲལ་རྩོད་ཀྱི་ཡོད་པ་བརྗོད་པ་ནི་འཁྱོག་བཤད་ཡིན་པ་ལས་དངོས་བདེན་མིན། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་མ་ཟད། བོད་རྒྱའི་དཀའ་རྙོག་དེ་རྒྱ་ནག་གཞུང་གིས་སྣེ་ཁྲིད་དེ་སེལ་དགོས་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། འདི་ཚེས་༨ཉིན་༧གོང་ས་མཆོག་གིས་གྷ་གལ་གནམ་ཐང་དུ་གསར་འགོད་པ་ཚོར་བཀའ་ལན་ཕེབས་སྐབས། ངོས་ཀྱིས་རྟག་ཏུ་རྒྱ་ནག་ལྷན་དུ་བཀའ་མོལ་གནང་རྒྱུར་གྲ་སྒྲིག་ཡིན་ལ། ང་ཚོས་རང་བཙན་རྩོད་ཀྱི་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་གནས་རྒྱུ་ལོ་མང་གོང་ནས་ཐག་བཅད་ཟིན་པས་ཁོ་ཚོ་དང་གྲོས་མོལ་བྱེད་རྒྱུར་གྲ་སྒྲིག་ཨང་གསར་ཡིན་པ་བཀའ་བསྩལ་ཡོད་པ་རེད།

ལྕམ་(Uzra Zeya)་ལགས་ནི། སྤྱི་ལོ་༢༠༢༡་ལོའི་ལོ་མཇུག་ཙམ་དུ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་པ་དང་། ཁོང་༢༠༢༢ལོའི་ཕྱི་ཟླ་ལྔ་པའི་ནང་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་ཁག་དང་མཇལ་མོལ་གནང་ཡོད་པ་རེད།
ད་རེས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Zeya)་ལགས་ཟླ་བ་འདིའི་ཚེས་༨ནས་༡༤བར་རྒྱ་གར་དང་། བྷང་ལ་དྷེ་ཤེ་གཉིས་ནང་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་དང་། ཁོང་གིས་ཞི་བའི་མི་མང་གི་ཚོགས་པ་ཁག་དང་ལྷན་དུ་སྨྲ་བརྗོད་རང་དབང་དང་། བུད་མེད་དང་གྲངས་ཉུང་མི་རིགས་སོགས་ཀྱི་གནད་དོན་སྐོར་གོང་ཞུས་རྒྱལ་ཁབ་གཉིས་ཀྱི་དཔོན་ཪིགས་ཚོ་དང་ལྷན་དུ་བཀའ་མོལ་གནང་རྒྱུ་ཡིན་པ་མ་ཟད། རྒྱ་གར་གྱི་དཔོན་རིགས་ཚོ་དང་མཇལ་འཕྲད་གནང་སྟེ་ཡུལ་གྲུ་གཉིས་བར་མཉམ་འབྲེལ་གཏིང་ཟབ་ཏུ་གཏོང་ཐབས་གནང་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།


གསར་འགོད་པ། དབྱངས་སྒྲོན། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎