༧གོང་ས་མཆོག་གིས་བཞུགས་སྒར་དུ་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་སྩལ་བཞིན་འདུག
རྒྱ་གར་ནང་གི་རྒྱུད་གྲྭ་སྟོད་སྨད་གཉིས་སོགས་ནས་གསོལ་འདེབས་ཞུས་དོན་ལྟར། བོད་མིའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱི་ཟླ་༧པའི་ཚེས་༨ནས་ཉིན་གསུམ་གྱི་རིང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཁོར་ལོ་སྡོམ་པ་བདེ་མཆོག་ལཱུ་ཨི་པའི་ལུགས་ཀྱི་བཀའ་དབང་སྩལ་རྒྱུའི་སྔོན་འགྲོའི་སྟ་གོན་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་ལུས་པོ་དངོས་སུ་དབང་གྲལ་དུ་མ་སླེབས་ནའང་། བོད་དང་རྒྱ་ནག ཉི་ཧོང་དང་ཝི་ཏི་ནམ་སོགས་སུ་ཆོས་དད་རྩེ་གཅིག་ཏུ་ཡོད་པ་ཚོ། ཁོང་གིས་སྣོད་ལྡན་གྱི་སློབ་མ་ལ་མོས་ནས་དམིགས་འོག་ཏུ་བཅུག་བསྡད་ཡོད་ཅེས་བཀའ་གནང་ཡོད་པ་རེད།
གཞན་༧གོང་ས་མཆོག་གིས། སྤྱིར་བཏང་ང་ཚོས་རང་དང་རྒྱུད་ཐ་དད་པའི་མཆོག་གསུམ་གསལ་བཏབ་ནས་དེ་ལ་གསོལ་བ་འདེབས་བཞིན་པ་ཡིན་ནའང་། གསང་སྔགས་ཀྱི་ཆོས་སྐོར་དུ་སངས་རྒྱས་གཞན་ནས་མི་འཚོལ་བར། སངས་རྒྱས་ནང་ནས་འཚོལ་བ་ཟེར་བ་དེ་ཡིན་པ་བཀའ་གནང་ཡོད་པ་རེད།
བོད་ཀྱི་ཆོས་རྒྱུད་ཁག་ལས་རི་བོ་དགེ་ལྡན་པ་རྣམས་ཀྱིས་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ཏེ། ཡི་དམ་གསང་བདེ་འཇིགས་གསུམ་ཐ་མི་དད་པའི་སྒོ་ནས་ཉམས་ལེན་གནང་སྲོལ་ཡོད་པས། ༧གོང་ས་མཆོག་གིས་གསང་སྔགས་ཀྱི་ཆོས་སྐོར་ལས་འཇིགས་བྱེད་ནི་སྔོན་འགྲོ་ཤེས་རབ་འཕེལ་བྱེད་དུ་དམིགས་ཡོད་པ་དང་། གསང་བ་འདུས་པ་ནས་སྒྱུ་ལུས་རྩལ་འདོན་དང་བདེ་མཆོག་ཏུ་འོད་གསལ་རྩལ་འདོན་གྱིས་གསུང་གི་ཡོད་པ་བཀའ་གནང་གི་འདུག
གསང་སྔགས་བླ་མེད་ཀྱི་ཆོས་སྐོར་བཀའ་དབང་འདི་ལ་བཅར་རྒྱུར། ཉི་མ་རེ་རེ་བཞིན་དག་པ་གསུམ་གྱི་རྣལ་འབྱོར་ཉམས་ལེན་དང་། བྱང་སེམས་དང་སྟོང་ཉིད་ཀྱི་ལྟ་བར་མོས་པ་ཆེན་པོ་ཡོད་དགོས་པ་སོགས་ཁས་ལེན་གང་འཚམ་ཡོད་པར་བརྟེན། ཆོས་ཞུ་བ་མི་སྐྱ་ཕོ་མོ་ནམ་རྒྱུན་ལས་ཉུང་ཙམ་ཡིན་ནའང་། རྒྱུད་གྲྭ་སྟོད་སྨད་དང་གདན་ས་གསུམ་ནས་དགེ་འདུན་པ་ཧ་ཅང་མང་པོ་དོ་གལ་ཆེན་པོས་ཕེབས་ཡོད་ཅིང་། རྒྱུད་སྨད་གྲྭ་ཚང་གི་དབུ་མཛད་བློ་བཟང་ཆོས་གྲགས་ལགས་ནས། ནད་ཡམས་ཅུང་ལྷོད་པའི་རྗེས་༧བླ་མ་ཞལ་མཇལ་གསུང་ཐོས་དང་བཀའ་དབང་བརྟན་བཞུགས་ཀྱི་གོ་སྐབས་བྱུང་བ་ནི། གྲྭ་ཚང་སྟོད་སྨད་གཉིས་ཀྱི་དགེ་འདུན་པ་ཡོངས་ནས་བསྐལ་བ་བཟང་ཤོས་ཤིག་ཏུ་བརྩི་ཡི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱུད་སྟོད་དགེ་བཤེས་ཐུབ་བསྟན་ཤེས་རབ་ལགས་ནས་བཀའ་དབང་འདི་འདྲ་ནི་ཧེ་རུ་ཀ་དངོས་སུ་ཕེབས་པ་དང་ངོ་བོ་དབྱེར་མེད་ལྟ་བུ་ཡིན་པས། མ་འོངས་པར་འདི་འདྲ་སྲིད་མཐའ་ཙམ་དང་ཧ་ཅང་བསྐལ་བ་བཟང་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
བཀའ་དབང་སྟ་གོན་གྱི་ཉིན་མོར་རྒྱུད་གྲྭ་སྟོད་སྨད་སོགས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཀྱང་ཞུས་ཡོད་པ་དང་། བཀའ་ཆོས་མཇུག་གྲུབ་བསྟུན་གཙུག་ལག་ཁང་དུ་ཆོས་ཞུ་བ་སེར་སྐྱ་མི་མང་ཚོར་ཉིན་གུང་ཞལ་ལག་འབུལ་བ་དང་། སེར་སྐྱ་མི་མང་གིས་༧རྒྱལ་བའི་ཞབས་བརྟན་གསོག་སྒྲུབ་བཅས་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།