ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་དང་མོན་རྟ་དབང་བཅས་སུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་འདུག

2023.07.07
ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་དང་མོན་རྟ་དབང་བཅས་སུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་འདུག རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གྷར་དུ་ཡོད་པའི་ཐུབ་བསྟན་དགའ་ཚལ་གླིང་དགོན་པར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར། ༠༧།༠༦་༢༠༢༣
@Pema Khandu

འདི་ཚེས་༦ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༨ལ་ཕེབས་པར། བོད་མི་གནས་སྡོད་ས་གནས་ཁག་གཙོས་འཛམ་གླིང་གི་ས་ཕྱོགས་གང་སར་དད་ལྡན་པ་དང་༧གོང་ས་མཆོག་ལ་དགའ་མོས་བྱེད་མཁན་ཚོས་རྣམ་པ་འདྲ་མིན་ཐོག་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་ལྟར། ཚེས་༦ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གྷར་(Itanagar)་དུ་ཡོད་པའི་ཐུབ་བསྟན་དགའ་ཚལ་གླིང་དགོན་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སྐབས། མཛད་སྒོའི་སྐུ་མགྲོན་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་(Pema Khandu)་ལགས་ཆེད་ཕེབས་གནང་ཡོད་པ་དང་། ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་ཡོངས་སུ་བྱམས་པ་དང་བརྩེ་བས་མཛད་འཕྲིན་བླ་ན་མེད་པ་བསྐྱངས་པ་དང་། ལྷག་པར་དུ་ཁོང་འཚེ་མེད་ཞི་བའི་དེད་དཔོན་ཆེན་པོ་ཡིན་པ་སོགས་མང་ཚོགས་ལ་ངོ་སྤྲོད་དང་། ༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་ང་ཚོ་ཚང་མས་ཐུགས་སྨོན་ཞུ་གལ་ཆེ་བའི་སྐོར་གསུངས་ཡོད་པ་རྟ་དབང་དགོན་པའི་སློབ་དཔོན་ཟུར་པ་དགེ་བཤེས་ངག་དབང་ནོར་བུ་ལགས་ཀྱི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

CM Thupten Gatseling Monastery (1).jpg
ཐུབ་བསྟན་དགའ་ཚལ་གླིང་དགོན་པ་དེ་བཞིན་ཕྱི་ལོ་༡༩༨༣ལོར་གསར་བཞེངས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་རབ་གནས་མཛད་ཡོད་པ་དང་། དགོན་པའི་འཛིན་སྐྱོང་གི་བདག་གཉེར་ལོ་མང་རིང་ཨ་རུ་ན་ཅལ་ཁྱོན་ཡོངས་ཀྱི་ནང་པའི་ཚོགས་ཆུང་ནས་གནང་ཡོད་ཀྱང་བར་ལམ་ཞིག་ནས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་འཛིན་སྐྱོང་གནང་མུས་ཡིན་པར། དགོན་པ་འདིར་ལོ་ལྟར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།

bgbgmmm.JPG

སྤྱིར་མོན་ཡུལ་ཁུལ་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ས་ཁུལ་འདྲ་མིན་ནང་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ད་ལོར་དམིགས་བསལ་བོད་དང་ས་འབྲེལ་མོན་རྟ་དབང་གི་འཕགས་བོད་ས་མཚམས་བརྒྱུད། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་སྐབས་རྒྱ་གར་ནང་ཞབས་རྗེས་དང་པོ་བཞག་ཡུལ་དུ་བོད་མི་དང་ས་གནས་ཡུལ་མི་ཚོས་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ནས་འཁྲུངས་སྐར་ཐེངས་དང་པོར་སྲུང་བརྩི་གནང་ཡོད་པ་ས་གནས་དེའི་(EAST TODAY)་ཞེས་བའི་གསར་ཁང་གིས་གནས་ཚུལ་སྤེལ་འདུག

east today.JPG
གཞན་མོན་ཡུལ་ཁུལ་གྱི་གཞོན་སྐྱེས་ཁག་ཅིག་ལས་གྲུབ་པའི་མོན་ཡུལ་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་སྐུའི་འཁྲུངས་སྐར་ཉིན་ཁོར་ཡུག་སྲུང་སྐྱོབ་སླད་ཤིང་སྣ་འདེབས་འཛུགས་དང་རྟ་དབང་རྫོང་གི་སྨན་ཁང་ནང་ཁྲག་གི་དཀའ་ངལ་འཕྲད་བཞིན་པའི་ནད་པ་ཚོར་ཁྲག་སྦྱིན་གྱི་ལས་འགུལ་སྤེལ་ཡོད་པ་རེད་འདུག།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎