༧གོང་ས་མཆོག་གིས་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ཀྱི་བུ་མོར་མཇལ་ཁ་བསྩལ་འདུག
འདི་ཚེས་༢༩ཉིན། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་བྱང་ཕྱོགས་ཀམ་རའོ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྒ་སྐྱེ་དགུ་མདོའི་ས་སྐྱ་བརྩེ་ཆེན་བསམ་སྒྲུབ་གླིང་དགོན་གྱི་དགེ་འདུན་པ་གཙོ་བོར་འགྱུར་བའི་གཞིས་ཆགས་ཀྱི་ཡུལ་མི་དང་། གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ཀྱི་བུ་མོ་ཚེ་བརྟན་བུ་ཁྲིད་ལགས་སུ་དམིགས་བསལ་མཇལ་ཁ་སྩལ་བ་དང་། སྐབས་དེར་༧གོང་ས་མཆོག་གིས། གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ནི་ངོས་ཀྱི་གྲོགས་པོ་ཡིན་ཞེས་ཁོང་མོར་བཀའ་སྩལ་འདུག
ད་ལྟ་དགུང་གྲངས་༩༣ལ་ཕེབས་པའི་སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་དགུང་ལོ་བགྲེས་པའི་རྐྱེན་གྱིས། ད་རེས་ཀམ་རའོ་གཞིས་མི་ཚོ་དང་ལྷན་དུ་བཞུགས་སྒར་དུ་༧གོང་ས་མཆོག་གི་མཇལ་ཁར་དངོས་སུ་བཅར་ཐུབ་མེད་ཀྱང་། ཕྱག་ཡིག་དང་མཇལ་དར་ཞིག་རང་ཉིད་ཀྱི་བུ་མོ་བརྒྱུད་༧གོང་ས་མཆོག་ལ་ཆེད་འབུལ་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་བའི་བརྡ་ལན་ཕུལ་འདུག
གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ད་ལྟའི་ཆར་ཀམ་རའོ་གཞིས་ཆགས་སུ་གནས་བཞུགས་བྱེད་མུས་ཡིན་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་སྤྱི་ལོ་༡༩༦༠ལོའི་ཟླ་༩ཚེས་༢ཉིན་བོད་ཀྱི་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་ཐོག་མ་དེ་གནང་སྟེ། བོད་མི་མང་སྤྱི་འཐུས་སྐབས་དང་པོར་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་མི་གྲངས་༡༣བསྐོ་བཞག་གནང་བའི་ཁྲོད། གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་མདོ་སྟོད་སྤྱི་འཐུས་སུ་བསྐོ་བཞག་གནང་ཞིང་། ཁོང་ནི་བོད་མིའི་འཐབ་རྩོད་དང་འབྲེལ་ལོ་རྒྱུས་ལྡན་པའི་བཙན་བྱོལ་བ་མི་རབས་དང་པོའི་གྲས་ཤིག་ཀྱང་ཡིན་པ་རེད།
དེ་སྔ་ཀམ་རའོ་བོད་མིའི་གཞིས་ཆགས་ཐོག་མར་འགོ་འཛུགས་གནང་བའི་སྐབས། སྐུ་ལས་སྐྱོན་མཁན་གཙོ་བོའི་གྲས་ཤིག་ཡིན་འདུག་ཅིང་། བོད་མི་མང་སྤྱི་འཐུས་སྐབས་དང་པོ་དང་། གཉིས་པ། གསུམ་པ། དྲུག་པ་བཅས་ཀྱི་ལས་ཁུར་ཞུས་འདུག་པ་མ་ཟད། སྤྱི་ལོ་༡༩༨༥ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཏོང་གནང་མཛད་པའི་བོད་ལ་ཕེབས་མཁན་གྱི་་༧སྐུ་ཚབ་ཐེངས་བཞི་པའི་ཚོགས་མིའི་གྲས་སུ་ཡང་ཡོད་པ་རེད།
སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ནི། བོད་ས་ཡོངས་རྫོགས་རྒྱ་ནག་གཞུང་གིས་བཙན་འཛུལ་མ་བྱས་གོང་དུ། སྒ་སྐྱེ་དགུ་མདོའི་ཁུལ་དུ་དཔོན་ཁག་༢༥ཡོད་པ་ལས། གྲའུ་དཔོན་སྡེ་ཁག་ཀྱང་ཚུད་ཀྱི་ཡོད་འདུག་ཅིང་། ཕྱིས་སུ་སྤྱི་ལོ་༡༩༥༩ལོར་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་ནང་བཞུགས་ཏེ། རྒྱ་ནག་གི་བཙན་འཛུལ་ལ་ཕར་རྒོལ་གནང་མཁན་བྱས་རྗེས་ཅན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།