སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མི་མང་གི་ཕེབས་བསུའི་ཁྲོད་ལྡི་ལིར་ཞབས་སོར་བདེ་བར་འཁོད་སོང་།
དེ་ཡང་འདི་ཚེས་༡༩ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་བའི་སྟེང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཐོན་མཛད་ཡོད་པ་ལྟར། ཉིན་དེའི་ཆུ་ཚོད་༡༡་དང་ཕྱེད་ཀ་ཙམ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། གནམ་ཐང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་དང་དྲུང་ཆེ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྐུ་ཚབ་བཅས་ཀྱིས་གཙོས། གནམ་ཐང་གི་ཕེབས་ལམ་གཡས་གཡོན་དུ་ལྡི་ལི་ཁུལ་དུ་གནས་སྡོད་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་རིགས་དང་། སློབ་ཕྲུག ས་གནས་ཀྱི་རྒྱ་གར་བ་བཅས་ཁྱོན་མི་གྲངས་༣༠༠༠ལྷག་གིས་ལག་ཏུ་མེ་ཏོག་དང་མཇལ་དར་བསྣམས་ཏེ་ལྡི་ལིར་ཕེབས་བསུ་དང་ཞལ་མཇལ་ཞུས་གནང་སོང་།
ལ་དྭགས་ནས་ཡིན་པ་སློབ་མ་རིག་འཛིན་དབང་མོ་ལགས་ཀྱིས། ང་རང་འདི་གར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕེབས་བསུའི་ཆེད་དུ་ཡོང་བ་ཡིན། ༧གོང་ས་མཆོག་མཇལ་བ་ནི་སྐལ་པ་བཟང་པོ་ཞིག་དང་སེམས་ནང་ཚོར་སྣང་སྐྱིད་པོ་ཞིག་ཡོང་གི་འདུག་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་ཧི་མ་ཅལ་མངའ་སྡེའི་སྐི་ནོར་རྫོང་ཁོངས་ནས་ཡིན་པ་སློབ་མ་ནན་ལྡི་ཊ་ནི་ཁེ་(Nandita Niki)་ལགས་ཀྱིས། དེ་རིང་འདིར་སྐི་ནོར་མི་རིགས་ཀྱི་སློབ་ཕྲུག་མང་པོ་ཞིག་དང་མཉམ་༧གོང་ས་མཆོག་ལ་ཕེབས་བསུ་དང་མཇལ་ཁ་ཞུ་ཆེད་ཡོང་བ་ཡིན། ཁོང་གི་མཇལ་ཁ་ང་ཚོ་ལ་ཡང་ཡང་ཐོབ་རྒྱུ་ཁག་པོ་ཡིན་དུས་ད་རེས་ཁོང་ལྡི་ལིར་ཕེབས་པ་དང་སྟབས་བསྟུན་ང་ཚོ་འདི་གར་ཁོང་གི་མཇལ་ཁ་ཞུ་ཆེད་སླེབས་པ་ཡིན་ལ་སེམས་པ་ཡང་སྐྱིད་པོ་འདུག་ཟེར།
དེ་བཞིན་ལྡི་ལིར་གནས་སྡོད་རྡོ་རྗེ་སྒྲོལ་མ་ལགས་ཀྱིས། ༧གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང་ཁོང་ཡང་ནས་ཡང་དུ་མཇལ་རྒྱུ་ཡོང་བའི་སྨོན་ལམ་རྒྱག་བཞིན་ཡོད་པ་གསུངས་བྱུང་།
ད་རེས་༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་དོན་ནི། ཟླ་བ་འདིའི་ཕྱི་ཚེས་༢༠དང་༢༡བཅས་ཉིན་གཉིས་རིང་། རྒྱ་གར་གཞུང་གི་རིག་གཞུང་ལྷན་ཁང་གིས་ཆེས་ཐོག་མར་གོ་སྒྲིག་གནང་བའི་གོ་ལའི་ནང་པའི་ལྷན་ཚོགས་ཐེངས་དང་པོ་ཚོགས་གཏན་འཁེལ་བ་བཞིན། ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་བློན་ན་རན་རྡར་མོ་དྷིས་(Narendra Modi)་མཆོག་ཕེབས་རྒྱུ་ཡིན་པ་དང་། ཉིན་གཉིས་པའི་ཚོགས་མགོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་ནས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་སྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག།
ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་དེར་འཛམ་གླིང་གི་རྒྱལ་ཁབ་ཁག་༡༧༠ཙམ་གྱི་སྐུ་ཚབ་འཐུས་མི་དང་། ནང་ཆོས་ཀྱི་ཤེས་ཡོན་དང་འབྲེལ་བའི་རྒྱལ་ཁབ་འདྲ་མིན་གྱི་ཆེད་ལས་པ་༢༠༠ལྷག་མཉམ་ཞུགས་གནང་གཏན་འཁེལ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།