བོད་ཀྱི་འཐབ་རྩོད་ནི་མི་རབས་གཅིག་གི་འཐབ་རྩོད་མིན་པར་མི་རིགས་ཤིག་གི་འཐབ་རྩོད་ཡིན། ༧གོང་ས་མཆོག་གིས།

2022.04.07
བོད་ཀྱི་འཐབ་རྩོད་ནི་མི་རབས་གཅིག་གི་འཐབ་རྩོད་མིན་པར་མི་རིགས་ཤིག་གི་འཐབ་རྩོད་ཡིན། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་མཇལ་ཁ་དང་བཀའ་སློབ་བསྩལ་རྗེས་མཉམ་པར་སྒྲོན་སྐབས། ༠༤།༠༧།༢༠༢༢
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༧ཉིན་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་སཱ་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་ཚོགས་ཆེན་ལ་བཅར་བའི་ཚོགས་མི་རྣམས་དང་། ཞོ་སྟོན་ཐེངས་༢༥པར་བཅར་བའི་ལྷ་མོའི་ཚོགས་པ་བརྒྱད་ཀྱི་འཁྲབ་སྟོན་པ་རྣམས་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་སྐབས། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་ཆོལ་ཁ་གསུམ་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཟེར་བ་དེ། ཆབ་སྲིད་དང་འཛིན་སྐྱོང་གཅིག་པོ་མིན་པར་འཛམ་བུ་གླིང་ལ་ངོམ་ཆོག་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་མུ་མཐུད་དུ་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་པ་དང་། བོད་མི་རིགས་ཟེར་བ་དེ་ལས་སླ་པོའི་ངང་ནས་མེད་པ་བཟོ་བ་དང་འགྱུར་བ་གཏོང་ཐུབ་པ་ཞིག་མིན་པ་མ་ཟད། བོད་གངས་ཅན་ལྗོངས་སུ་ཡོད་པའི་བོད་མི་ཚོར་རྒྱ་ནག་གཞུང་གིས་འཇམ་རྩུབ་ཇི་ལྟར་བྱས་ཀྱང་། སོ་སོའི་མི་རིགས་ཀྱི་ལྟ་བ་དང་ཆོས་དང་རིག་གཞུང་དེ་དག་མུ་མཐུད་བདག་གཅེས་དང་བརྟན་པོ་གནས་ཡོད་པ་བཀའ་གནང་ཞིང་། བཙལ་བྱོལ་དུ་ཡོད་པའི་བོད་མི་ཚོས་མུ་མཐུད་ཧུར་ཐག་གནང་དགོས་པ་བཀའ་གནང་སོང་།
གཞན་ཡང་༧གོང་ས་མཆོག་གིས། རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་དེ་ཁུངས་འཁྱོལ་རྒྱུ་ཡོད་བ་མ་རེད། སྲིད་ཇུས་དེར་འགྱུར་བ་འགྲོ་ཡི་རེད། བོད་ཀྱི་འཐབ་རྩོད་དེ་ནི་མི་རབས་གཅིག་གི་འཐབ་རྩོད་མིན་པར་མི་རིགས་ཤིག་གི་འཐབ་རྩོད་ཡིན་པས། བོད་མི་མི་རབས་རྒན་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མུ་མཐུད་རྒྱུན་འཛིན་བྱེད་ཐུབ་མཁན་གྱི་མི་རབས་གསར་པ་གང་མང་བསྐྱེད་སྲིང་དགོས་པ་བཀའ་སློབ་ཕེབས་ཡོད་པ་རེད།
༧གོང་ས་མཆོག་གི་བཀའ་སློབ་གྲུབ་པའི་རྗེས། ཚོགས་བཅར་བ་ཁག་ཅིག་ལ་བཅར་འདྲི་ཞུས་པའི་ཁྲོད། ཉེ་ལམ་གསར་དུ་འདམས་ཐོན་བྱུང་བའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྤྱི་ཁྱབ་དྲུང་ཆེ་ན་གཞོན་བསྟན་འཛིན་བཤེས་གཉེན་ལགས་ཀྱིས། ༧གོང་ས་མཆོག་ནས་ད་རེས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བཀའ་སློབ་ལམ་སྟོན་ཕེབས་པར་སེམས་ཤུགས་འཕར་མ་ཞིག་སྦྱིན་བྱུང་བས། མུ་མཐུད་དེའི་ཐོག་ཕྱག་ལས་གནང་རྒྱུ་ཡིན་པ་གསུངས་གནང་བྱུང་།
ད་ཐེངས་བོད་ཀྱི་ཞོ་སྟོན་ཐེངས་༢༥པའི་ཐོག་ཨ་མི་རི་ཀ་ནས་ལྕགས་ཟམ་པ་ལྷ་མོ་ཚོགས་པ་མཉམ་ཞུགས་གནང་བ་ཐོག་མ་དེ་ཡིན་ཞིང་། ལྷ་མོ་ཚོགས་པ་དེ་ཉིད་ཀྱི་འཁྲབ་སྟོན་པ་གཞས་མ་པ་སངས་ལྷ་མོ་ལགས་ཀྱིས། ཕྱིའི་རྒྱལ་ཁབ་གཞན་ནས་ཀྱང་འདི་བུའི་ལྷོ་མོ་ཚོགས་པ་མཉམ་ཞུགས་ཐུབ་པ་ཡིན་ཚེ། བོད་ཀྱི་རིག་གཞུང་བདག་ཉར་བྱེད་རྒྱུའི་ཐད་དགེ་མཚན་ཡོད་པ་གསུང་བ་དང་ཆབས་ཅིག ད་རེས་གོ་སྐབས་འདི་བརྒྱུད་ནས་༧གོང་ས་མཆོག་གིས་གསེར་ཞལ་དངོས་སུ་མཇལ་རྒྱུ་བྱུང་བར་ཧ་ཅང་གི་དགའ་ཚོར་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎