༧གོང་ས་མཆོག་གིས་ཕྱི་རྒྱལ་གྱི་གཞོན་སྐྱེས་ཁག་ཅིག་དང་མཉམ་དྲ་ལམ་བརྒྱུད་བགྲོ་གླེང་མཛད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༣པའི་ཚེས་༩ཉིན་བོད་ནམ་ཡང་མ་བརྗེད་(Never Forget Tibet)་ཞེས་པའི་དངོས་བྱུང་གློག་བརྙན་དང་འབྲེལ་ཏེ་ཕྱི་རྒྱལ་བ་གཞོན་སྐྱེས་ཁག་ཅིག་དང་ལྷན་དུ་དྲ་ལམ་ཐོག་བགྲོ་གླེང་དང་བཀའ་འདྲིར་བཀའ་ལན་གྱི་མཛད་འཕྲིན་བསྐྱངས་གནང་མཛད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཊུ་ཊར་དྲ་ལམ་ཐོག་གནས་ཚུལ་བཀོད་སྤེལ་གནང་འདུག་ཅིང་། དེའི་ནང་དྲ་ལམ་གྱི་མཛད་འཕྲིན་དེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། (Peacejam)་ཞེས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པ་པོ་བཅུ་བཞིས་མཛད་འཁུར་ཐོག་གཞོན་སྐྱེས་གཙོ་བོར་དམིགས་པའི་ཞི་བདེ་དར་སྤེལ་གཏོང་ཐབས་གནང་མཁན་གྱི་ཚོགས་པ་དེ་དང་། དེ་བཞིན་བོད་ནམ་ཡང་མ་བརྗེད་ཅེས་པའི་དངོས་བྱུང་གློག་བརྙན་བཟོ་བསྐྲུན་པ་བཅས་ཐོུང་གིས་གོ་སྒྲིག་ཞུས་པ་ཞིག་རེད་འདུག
དེ་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་ཚིགས་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འབྱུང་རྒྱུར་མཛད་འཆར་བཀོད་སྤེལ་གནང་པའི་ནང་། བོད་ཟླ་༡་ཚེས་༡༥ ཕྱི་ཟླ་༣ ཚེས་༡༨ཆོ་འཕྲུལ་དུས་ཆེན་ཉིན་རྒྱ་གར་གྱི་སྔ་དྲོའི་ཚོུད་༩ བའི་ཐོག་སྲོལ་རྒྱུན་ལྟར་སྐྱེས་རབས་ཀྱི་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། སྐྱེས་རབས་ཀྱི་གསུང་ཆོས་དེ་དྲ་ཐོག་དབྱིན་སྐད་དང་རྒྱ་སྐད། ཧིན་དི་ལ་སོགས་པའི་སྐད་ཡིག་སྣ་མང་ཐོག་གསུང་སྒྱུར་གནང་ནས་ཐད་གཏོང་ཡང་གནང་རྒྱུ་ཡིན་འདུག
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།