རང་གཞན་གཉིས་ཀྱི་དོན་འགྲུབ་པར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ལས་ལྷག་མེད། ༧གོང་ས་མཆོག་གིས།

2023.03.07
རང་གཞན་གཉིས་ཀྱི་དོན་འགྲུབ་པར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ལས་ལྷག་མེད། ༧གོང་ས་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་བཞུགས་པ། ༠༣།༠༧།༢༠༢༣
RFA / Dhasa

སྤྱི་ཟླ་༣པའི་ཚེས་༧ཉིན་བོད་ཟླ་༡པོའི་ཚེས་༡༥ཆོ་འཕྲུལ་དུས་ཆེན་ཉིན་གྱི་སྔ་དྲོ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། རྒྱལ་ཁབ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་གཅིག་ལྷག་ལ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བསྩལ་བའི་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་ཕྱག་སྲོལ་ཞིག་ཡིན་ནའང་། ད་སྐབས་བོད་ནང་ནམ་ཀུན་ལྟར་སྨོན་ལམ་ཆེན་མོ་ཚོགས་རྒྱུའི་ཐོག་ལ་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་མུ་མཐུད་ཧུར་ཐག་གནང་སྟེ། སྲོལ་དེ་རྒྱུན་འཛིན་གནང་དགོས་པ་བཀའ་གནང་སོང་།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རིག་པའི་ལམ་ནས་གཏན་ལ་འབབས་རྒྱུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ལུང་ཙམ་གྱི་འདང་གི་མེད་པར་གཙོ་བོ་རིག་པའི་ལམ་ནས་སྤེལ་དགོས་པ་བཀའ་གནང་བ་དང་། ད་དུང་༧གོང་ས་མཆོག་གིས། ལོ་རྒྱུས་ལ་བལྟས་ན། རྒྱ་བོད་ཧོར་གསུམ་ནང་བསྟན་པ་དར་སྤེལ་ཤུགས་ཆེར་བྱུང་ཡོད་ཀྱང་། བར་སྐབས་ཤིག་ནས་དར་རྒུད་སྣ་ཚོགས་བྱུང་ཡོད་པའི་ཁར། དེང་སྐབས་འཛམ་གླིང་གི་འགྱུར་འགྲོས་ལ་གཞིགས་པ་ཡིན་ན། རྒྱ་བོད་ཧོར་གསུམ་ནང་ཉམས་རྒུད་དུ་སོང་བའི་སངས་རྒྱས་ཀྱི་བསྟན་པ་སླར་གསོ་ཡོང་བཞིན་ཡོད་པ་དང་། དེའི་ཐོག་ལ་མགོན་པོ་གང་ཉིད་མཆོག་ནས་ཞབས་འདེབས་ངེས་ཅན་ཞིག་སྒྲུབ་ཐུབ་པའི་ཕྱི་ནང་གི་རྟགས་མཚན་མང་དག་ཅིག་ཐོན་ཡོང་གི་འདུག་ཅེས་བཀའ་གནང་སོང་།
ཡང་སྐབས་དེར་༧གོང་ས་མཆོག་གིས། རང་གཅེས་འཛིན་དང་བདག་ཏུ་འཛིན་པའི་བདེན་འཛིན་གཉིས་པོ་ནི་ཇི་སྲིད་ང་ཚོའི་རྒྱུད་ལ་གནས་པ་དེ་སྲིད་དུ་དཀའ་ངལ་ཡོང་གི་ཡོད་པ་ནི་ཆོས་ཉིད་ཡིན་པ་གསུངས་ཤིང་། རང་གཞན་གཉིས་ཀྱི་དོན་འགྲུབ་པར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ཉམས་ལེན་བྱས་པ་ལས་ལྷག་པ་མེད་པ་མ་ཟད། མགོན་པོ་༧གང་ཉིད་མཆོག་གི་ཉམས་བཞེས་མཛད་རྒྱུ་གཙོ་བོ་ཡང་དེ་གཉིས་ཡིན་པས། དད་ལྡན་ཆོས་ཞུ་བ་ཚོས་ཀྱང་དེ་ལྟར་ཉམས་ལེན་བྱེད་དགོས་གལ་ཆེ་བའི་སྐོར་བཀའ་གནང་སོང་།

dalai lama (1).jpg
ད་རེས་གསུངས་ཆོས་སྐབས་སོག་ཡུལ་ནས་སོག་པོའི་དད་ལྡན་པ་༢༠༠ ཙམ་ཞིག་ཕེབས་འདུག་ལ། དེའི་ཁྲོད་སོག་པོའི་ཁྲིམས་རྩོད་པ་ལྕམ་(Tso Bayarma)་ལགས་ཀྱིས། ཐེངས་འདིར་རྡ་རམ་ས་ལར་ཡོང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐེངས་དང་པོ་དངོས་སུ་མཇལ་རྒྱུ་བྱུང་བར་ཧ་ཅང་གི་དགའ་པོ་དང་བྱིན་རླབས་ཐོབ་པའི་ཚོར་སྣང་བྱུང་། རེ་བ་དང་སེམས་ཤུགས་འཕར་མ་ཞིག་ཀྱང་སྦྱིན་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་ལྷོ་ཕྱོགས་ནས་ཕེབས་པའི་དགེ་འདུན་པ་དར་རྒྱས་ལགས་ཀྱིས། གསང་སྔགས་ཉམས་ལེན་བྱེད་རྒྱུ་ནི་གལ་ཆེ་ཡང་། གཙོ་བོ་༧གོང་ས་མཆོག་གིས་བཀའ་གནང་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ཉམས་ལེན་བྱས་པ་ལས་ལྷག་པ་མིན་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༨ཉིན་བེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་དང་། ཚེས་༩ཉིན་བདེ་མཆོག་ནག་པོ་བའི་དབང་གི་དངོས་གཞི་བཅས་བཀའ་དྲིན་སྩལ་རྒྱུ་ཡིན་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎