ཅེག་རྒྱལ་ཁབ་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་བཙུགས།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་མི་དྲུག་ལས་གྲུབ་པའི་བོད་དོན་སྐྱོར་ཚོགས་ཚོགས་པ་གསར་འཛུགས་གནང་ཡོད་པ་རེད།

2012.03.13

༄༅༎འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་མོ་དང་སྟབས་བསྟུན་ཏེ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་མི་དྲུག་ལས་གྲུབ་པའི་བོད་དོན་སྐྱོར་ཚོགས་ཚོགས་པ་གསར་འཛུགས་གནང་ཡོད་པ་རེད།
དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། ཕྱི་ཟླ་གསུམ་པའི་ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་ཐེངས་༥༣ པའི་དུས་དྲན་ཉིན་གོང་གསལ་གྲོས་ཚོགས་ཀྱི་ཚོགས་མི་དྲུག་པོས་གསར་འགོད་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་སྟེ། རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་དང༌། སྒྱུ་རྩལ་བ། དྲ་རྒྱའི་ཐོག་རང་དབང་གི་བསམ་ཚུལ་བཀོད་སྤེལ་བྱེད་མཁན་སོགས་གང་བྱུང་དུ་འཛིན་བཟུང་བྱེད་བཞིན་པའི་གནས་སྟངས་ལ་ཧ་ཅང་གི་ཐུགས་འཚབ་ཆེན་པོ་ཡོད་པ་དང༌། བོད་ནང་གི་བོད་མི་རྣམས་ནི་རྒྱ་ནག་གཞུང་གི་དམ་བསྒྲཌ་འོག་དཀའ་ངལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ནི། ད་བར་དུ་བོད་མི་༢༦ གིས་བོད་ནང་གི་ཡ་ང་བའི་གནས་སྟངས་འཛམ་གླིང་མི་དམངས་ལ་གསལ་སྟོན་བྱེད་པའི་ཆེད་དུ་རང་སྲོག་བློས་བཏང་བྱས་ཏེ། དེའི་ནང་ནས་བོད་མི་༡༩ འདས་གྲོངས་སུ་ཕྱིན་པ་དེའི་ཐོག་ནས་ར་སྤྲོད་གསལ་པོ་བྱེད་ཐུབ་པ་ཡིན། ད་རེས་གསར་དུ་བཙུགས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་པ་དེའི་དགོས་འདུན་གཙོ་བོ་ནི། བོད་ནང་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དང༌། བཙོན་བྱོལ་དུ་ཡོད་པའི་བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་དོན་འཐབ་རྩོད་བྱེད་བཞིན་པའི་ལམ་ཕྱོགས་ལ་རྒྱབ་སྐྱོར་བྱས་ཏེ། བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གནས་བབ་ཀྱི་མངོན་འདོད་མངོན་འགྱུར་ཡོང་བ་བྱས་ཏེ་བོད་མིའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་གསུང་ཡོད་པ་རེད། དེ་བཞིན་དུ་ཉིན་དེར་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་གོ་སྒྲིག་བྱས་ཏེ། བོད་མི་དང་ཅེག་ཡུལ་མི་བོད་དོན་རྒྱབ་སྐྱོར་བ་ཁྱོན་༢༠༠ ཙམ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རའག་(Prague)དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་འདུ་འཛོམས་ཀྱིས་དབྱིན་ཡིག་དང་ཡུལ་སྐད་ཐོག་ནས་བྲིས་པའི་ངོ་རྒོལ་གྱི་སྦྱར་ཡིག་བསྣམས་ཏེ་ངོ་རྒོལ་བྱས་པ་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་སྡེ་ལྷན་ཚོགས་དང་རྒྱལ་ས་པཱ་རའག་གི་འཛིན་སྐྱོང་ལས་ཁུངས། གྲོང་སྡེ་སྤྱི་ཁྱབ་ལས་ཁུངས་སོགས་གཙོས་པའི་གཞུང་གི་ལས་ཁུངས་ཆེ་ཆུང་ཁྱོན་༤༠༠ ལྷག་གི་ཕྱི་ནང་གང་སར་བོད་ཀྱི་རྒྱལ་དར་འགྲེངས་འཛུགས་གནང་སྟེ་བོད་མིའི་རང་དབང་སྒེར་ལངས་ཐེངས་༥༣ དུས་དྲན་སྲུང་བརྩི་ཞུས་པའི་ཁར་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎