སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ Jan Lipavský ཡཱན་ལི་པཔྶིཀི་རྣམ་གཉིས་ཝ་ཤིང་ཊོན་དུ་མཇལ་འཕྲད་གནང་བ།

2022.04.26
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ Jan Lipavský ཡཱན་ལི་པཔྶིཀི་རྣམ་གཉིས་ཝ་ཤིང་ཊོན་དུ་མཇལ་འཕྲད་གནང་བ།
Photo: RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕྱི་ཟླ་ ༤ ཚེས ༢༦ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཡཱན་ལི་པཔྶིཀི་མཆོག་དང་ལྷན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ Melrose George Town མགྲོན་ཁང་གི་ཚོགས་ཁང་ཞིག་ཏུ་མཇལ་མོལ་གནང་སྟེ།  སྲིད་སྐྱོང་མཆོག་གིས་བོད་ནང་གི་བོད་མིས་དཀའ་སྡུག་མྱོང་བཞིན་པའི་གནད་དོན་ཁག་དང་།  བོད་ནང་དུ་མི་རིགས་རྩ་མེད་བཟོ་བའི་རྒྱ་ནག་གི་སྲིད་བྱུས་ངོ་སྤྲོད་གནང་སྟེ།  དུས་ཡུན་ཆུ་ཚོད་ཕྱེད་ཀའི་རིང་ལ་བཀའ་བསྡུར་གནང་ཡོད་ཅིང་། ཚོགས་འདུ་གྲུབ་སྟེ་ཕྱིར་ཕེབས་ལམ་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཅེག་ཕྱི་སྲིད་བློན་ཆེན་  Jan Lipavský ཡཱན་ལི་པཔྶིཀི་ མཆོག་ལ་བཅར་འདྲི་ཞུས་པར།  ཁོང་གིས་བཀའ་ལན་གནང་དོན་དུ། ང་ཚོ་ཅེག་རྒྱལ་ཁབ་ངོས་ནས་བོད་མི་ཚོ་དང་མཐུན་ལམ་ཟབ་མོ་ཡོད་ཅིང་།  ཅེག་སྤྱི་མཐུན་རྒྱལ་ཁབ་ནང་བོད་ཀྱི་རྒྱལ་དར་ཧ་ཅང་མང་པོ་བསྒྲེངས་འཛུགས་བྱེད་ཀྱི་ཡོད་པ་ཤེས་གསལ་རེད།  ང་ཚོས་བོད་མིའི་འཐབ་རྩོད་ཐད་ལ་སེམས་མཉམ་སྐྱེས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།


ཐོག་མའི་འཆར་གཞི་ལྟར་ན། སྲིད་སྐྱོང་མཆོག་དང་ལྷན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་རིའི་རྒྱལ་སར་ཡོད་པའི་གཞུང་ཚབ་པ་མཇལ་མོལ་གནང་རྒྱུ་གནང་ཡང་།  ཕྱི་སྲིད་བློན་ཆེན་མཆོག་ཨ་རིའི་རྒྱལ་སར་ཕེབས་པའི་དུས་ཚིགས་དང་སྟབས་འཁེལ་བྱུང་བར་བརྟེན།  སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་ཕྲད་གནང་རྒྱུའི་ཐད་ཕྱི་སྲིད་བློན་ཆེན་སྐུ་ཉིད་ཀྱིས་ཐུགས་འདོད་ཡོད་པ་གསུངས་པ་ཞིག་ཡིན་པ་མཚན་བརྗོད་འདོད་དོད་མེད་པའི་གཞུང་འབྲེལ་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
མཇལ་མོལ་སྐབས་སུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་གཉིས་མཉམ་ཞུགས་གནང་ཡོད་པ་ལྟར། བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན། དེ་སྔ་སྲིད་སྐྱོང་མཆོག་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་པས་མཇལ་འཕྲད་གནང་མྱོང་ཡོད་ཅིང་། མཇལ་མོལ་སྐབས་ཅེག་ཕྱི་སྲིད་བློན་ཆེན་མཆོག་གིས་ཅེག་གཞུང་དང་མི་མང་གི་ངོས་ནས་བོད་མིར་སེམས་ཚོར་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད། སྲིད་སྐྱོང་མཆོག་ནས་བོད་དོན་ཐོག་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ངོས་ནས་རྒྱབ་སྐྱོར་གནང་དགོས་པའི་གནད་དོན་ཇི་ཡོད་ངོ་སྤྲོད་གནང་པ་སོགས་མཇལ་མོལ་ཡག་པོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག
སྲིད་སྐྱོང་མཆོག་གིས་དེ་རིང་ཉིན་གུང་ཨ་རིའི་རང་དབང་ཁང་པར་ཕེབས་ཏེ་ཁུལ་དེར་བཞུགས་གྲལ་སྒོར་མོའི་གླེང་སྟེགས་ཀྱི་ཚོགས་འདུར་ཞུགས་རྒྱུ་དང་། དེ་ནས་ Brookings ཉམས་ཞིབ་བསྟི་གནས་ཁང་དུ་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་རྒྱུ་ཡིན་ཅིང་།  ཕྱི་དྲོ་ National Endowment for Democracy ཞེས་པའི་ཨ་རིའི་མང་གཙོ་གོང་སྤེལ་ཚོགས་པའི་གཙོ་འཛིན་ Damon Wilson མཆོག་དང་མཇལ་ཕྲད་གནང་གི་ཡོད་ཅིང་།  ཚོགས་པ་འདིས་ངོས་ནས་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན་གྱི་མཛད་སྒོ་ཞིག་འཚོགས་ཀྱི་ཡོད་པ་རེད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎