རྒྱ་ནག་གཞུང་གིས་ཁེ་ན་ཌའི་བོད་དོན་ཚོགས་པར་བཀག་སྡོམ་ཉེས་ཆད་བཀལ་བར་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོཊ་པས་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་འདུག
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁེ་ན་ཌའི་སྒྲིག་འཛུགས་ཁག་དང་མི་སྒེར་ལ་ཉེས་ཆད་བཅད་པ་དེར་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༧ ཉིན་ (The Canadian Tibetan Association of Ontario - CTAO) ཞེས་ཁེ་ན་ཌའི་ཨོན་ཊེ་རི་ཡོ་བོད་མིའི་སྤྱི་མཐུན་ཚོགས་པས་སྐྱོན་བརྗོད་དྲག་པོ་བྱས་པ་དང་། ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་གིས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་དང་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཚོགས་པ་བཅས་ཚོགས་པ་ཁག་དང་མི་སྒེར་པ་ཁག་རྒྱ་ནག་ནང་བསྐྱོད་རྒྱུར་ཐོངས་མཆན་དང་རྒྱ་ནག་ནང་དུ་དངུལ་དངོས་ཡོད་རིགས་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།
ཁེ་ན་ཌའི་ཨོན་ཊེ་རི་ཡོ་བོད་མིའི་སྤྱི་མཐུན་ཚོགས་པས་རྒྱ་ནག་གཞུང་གིས་གོམ་སྟབས་དེ་ནི་མང་གཙོ་དང་། རིག་གཞུང་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྣམས་ལ་ཐབས་བྱུས་ཀྱི་སྒོ་ནས་གནོན་ཤུགས་སྤྲོད་བཞིན་པ་གསལ་པོ་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད། ཁེ་ན་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་ནི་དྲང་བདེན་དང་རང་དབང་ལ་སེམས་ཤུགས་བརྟན་པོ་ཡོད་པར་གྲགས་ཤིང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་དང་ཡང་སྨྲ་བརྗོད་རང་དབང་འགོག་ཐབས་ཀྱི་བྱ་སྤྱོད་འདི་དག་གིས་འགྲོ་བ་མིའི་རང་དབང་དང་དྲང་བདེན་ལ་ལངས་རྒྱུའི་ང་ཚོའི་མཉམ་སྡུད་སེམས་ཐག་གཙང་བཅད་དེ་བས་ཆེ་རུ་བཏང་ཡོད་ཅེས་བསྒྲགས་འདུག
ཁེ་ན་ཌའི་ཨོན་ཊེ་རི་ཡོ་བོད་མིའི་སྤྱི་མཐུན་ཚོགས་པས། རྒྱ་ནག་གིས་ཉེས་ཆད་བཀལ་བའི་ཚོགས་པ་དང་མི་སྒེར་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་ནན་བརྗོད་གནང་པ་མ་ཟད། བོད་མི་དང་ཡུ་གུར་བ་སོགས་ཉམ་ཐག་སྤྱི་ཚོགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པ་བསྐྱར་ནན་བྱས་འདུག
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།