ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༦ ཕེབས་པར་བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྡེ་ཁག་གི་འཚམས་འདྲི་དང་འབྲེལ། རྒྱ་ནག་གཞུང་ནས་ཁོང་གློད་བཀྲོལ་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་བ།

2025.04.24
ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༦ ཕེབས་པར་བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྡེ་ཁག་གི་འཚམས་འདྲི་དང་འབྲེལ། རྒྱ་ནག་གཞུང་ནས་ཁོང་གློད་བཀྲོལ་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་བ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག
Photo: RFA

ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཁེལ་གྱི་ཡོད་ནའང་། བོད་མི་རྣམས་ནས་པཎ་ཆེན་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞུགས་ཡོད་མེད་སྐོར་གནས་ཚུལ་ཅི་ཡང་ཤེས་རྟོགས་མེད་པ་དང་། ཁོང་གི་ཞལ་མཇལ་གསུང་ཐོས་མེད་པའི་ངང་ནས་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད།

དེ་ཡང་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འོས་སྤྲུལ་ས་བོན་དུ་མའི་ནང་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་གསལ་བསྒྲགས་མཛད་ཡོད་པ་དང་། ངོས་འཛིན་གསལ་བསྒྲགས་མཛད་རྗེས་ཉིན་གསུམ་པ་སྟེ།  ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་། ཡབ་ཡུམ་དང་ནང་མི། བྱ་བྲལ་རིན་པོ་ཆེ་བཅས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་པ་ནས་ད་བར་མི་ལོ་ ༣༠ ཧྲིལ་པོ་ཕྱིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་ནང་མི་དང་སྐུ་འཁོར་བཅས་བདེ་ཐང་ཡིན་མིན་དང་། གང་དུ་ཡོད་མེད་སོགས་ཀྱི་སྐོར་འདྲི་རྩད་གནང་ཡོད་ཀྱང་ད་བར་རྒྱ་ནག་གཞུང་གིས་ལན་འདེབས་ཁ་གསལ་བརྒྱབ་མེད།

ba8229ba-6925-4553-bf06-f09e9e286600.jpeg
བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་ནང་། ༠༤།༢༥།༢༠༢༥/ Pema Ngodup

ད་ལོ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༦ ལ་ཕེབས་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་རིན་པོ་ཆེའི་སྐོར་གནས་ཚུལ་ཞིབ་ཕྲ་གསལ་བཤད་བྱས་མེད་པས། བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་མཚོན་པའི་གཞུང་དང་འབྲེལ་མ་ཡིན་པའི་ཚོགས་སྒེར་མང་པོས་རྒྱ་ནག་གཞུང་ནས་པཎ་ཆེན་རིན་པོའི་སྐོར་གནས་ཚུལ་ཁ་གསལ་མཁོ་སྤྲོད་དགོས་པ་མ་ཟད། ཁོང་ཉིད་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་རབ་དང་རིམ་པ་གནང་བཞིན་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་རྒྱ་ནག་གཞུང་གིས་འགན་ཡོད་པའི་ཐོག་ནས་པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གསལ་བཤད་བྱ་དགོས་པ་གསུང་བཞིན་འདུག དེ་ཡང་ཁོང་གིས། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ། རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་དང་བཅས། བོད་མི་ཚོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་གཏོང་བཞིན་ཡོད་ནའང་། བློ་ཕམ་པ་ཞིག་ལ་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ནས་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད། དེ་རིང་སྐུའི་འཁྲུངས་སྐར་ཡིན་དུས་རྒྱ་ནག་གཞུང་གིས་འགན་ཡོད་པའི་ཐོག་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གང་བཞུགས་ཡོད་མེད་དང་། སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་སྟངས་ཚང་མ་ཕྱི་གསལ་ནང་གསལ་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གསལ་བཤད་བྱ་དགོས་པའི་དུས་ལ་བབ་ཡོད་པ་གསུང་གི་འདུག

64f2e1f8-f802-4386-b372-d6a031a5df50.jpg
པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྐབས་བཙན་བྱོལ་བཅའ་བཞུགས་དགེ་འདུན་པ་ཞིག་གིས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ལ་མཇལ་དར་སྒྲོན་བཞིན་པ། ༢༠༢༤།༠༤།༢༥ ཉིན།/Ashwini Bhatia/AP/Ashwini Bhatia/AP

དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་པཎ་ཆེན་རིན་པོ་ཆེའི་རྒྱའི་བཙོན་འོག་ཏུ་ལོ་ངོ་ ༣༠ ལྷག་འདས་ཟིན་ནའང་། ད་བར་བོད་མི་ཚོས་ཞུ་གཏུག་བྱས་པར་འབྲས་བུ་ཐོན་མེད་པས་ཞུ་གཏུག་ཚད་མཐོ་རུ་གཏོང་རྒྱུའི་དུས་ལ་བབ་ཡོད་པ་གསུང་གི་འདུག དེ་ཡང་ཁོང་གིས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༣༦ འཁོར་གྱི་ཡོད་ལ། ཁོང་དགུང་ལོ་ ༦ ཐོག་དགྲ་བོ་རྒྱ་དམར་གཞུང་གིས་ཁོང་གི་ནང་མི་དང་བཅས་པ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་བ་ནི་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་རེད། རིན་པོ་ཆེ་གང་དུ་བཞུགས་ཡོད་མེད་གསལ་བཤད་དང་། ཁོང་གློད་བཀྲོལ་ཡོང་ཆེད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་བཀྲ་ཤིས་ལྷུན་པོའི་དགོན་པ་སོགས་ཚང་མས། རྒྱལ་སྤྱིའི་སྟེང་ཞུ་གཏུགས་ལས་འགུལ་སྤེལ་ཡོད་ཀྱང་། ད་དུང་ཁོང་གི་གནས་སྟངས་སྐོར་ཤེས་རྟོགས་མེད་དུས། ང་ཚོའི་ངོས་ནས་ལས་འགུལ་ཚད་མཐོ་རུ་ཇི་ལྟར་གཏོང་དགོས་པའི་ཐོག་བསམ་བློ་གཏང་རྒྱུ་གལ་ཆེན་པོ་རེད། བོད་མི་ཚང་མའི་རེ་བ་ལ་པཎ་ཆེན་རིན་པོ་ཆེ་གློས་བཀྲོལ་ཐོབ་ནས་བླ་སློབ་བར་ཆོས་འབྲེལ་གྱི་འབྲེལ་བ་ཡོང་རྒྱུ། དེ་བཞིན་སྐུ་ཐོག་གོང་མ་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ཞབས་འདེགས་མུ་མཐུད་ནས་སྒྲུབ་ཐུབ་པ། ༸རྒྱལ་བ་ཡབ་སྲས་གཉིས་ལྷན་འཛོམས་ཀྱི་ཐོག་ནས། བོད་མི་ཚང་མར་ཆོས་སྲིད་གཉིས་ཀྱི་ཐོག་མཛད་པ་སྐྱོང་བའི་རེ་བ་ཞུ་གི་ཡོད། དེ་ཡོང་བར་དམིགས་བསལ་གྱི་ནུས་པ་ཞིག་མ་བཏོན་པར་འདས་པའི་ལོ་༣༠ནང་བྱས་པ་བཞིན་བསྡད་ན། གྲུབ་འབྲས་དམིགས་བསལ་ཐོན་རྒྱུ་མེད་པ་ང་ཚོས་ཧ་གོ་གསལ་རེད། དམིགས་བསལ་ལས་འགུལ་སྤེལ་བའི་དུས་སླེབས་ཡོད་པ་རེད། ཅེས་གསུངས།

དེ་མཚུངས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཀྱང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས། ཁོང་ཉིད་གང་མགྱོགས་གློད་བཀྲོལ་ཐོབ་སྟེ་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཞལ་མཇལ་ལྷན་འཛོམས་ཡོང་བའི་སྨོན་འདུན་ཞུ་གི་འདུག དེ་ཡང་ཁོང་གིས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ཕྱི་ལོ་ ༡༩༨༩ ཕྱི་ཟླ་ ༤ ཚེས་ ༢༥ ཉིན། ནག་ཆུ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་སྒྲོན་གཉིས་སུ་འཁྲུངས་ནས་དེ་རིང་ཉིན་ཁོང་གུང་ལོ་ ༣༦ བཞེས་ཀྱི་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་དང་ས་གནས་ཀྱི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཁོང་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་སྦྲགས། ཁོང་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་གྱི་ཡོད་སྟབས། ཁོང་གི་གནས་སྟངས་རྩད་ཆོད་བྱས་ནས་འཛམ་གླིང་ཡོངས་ལ་གསལ་སྟོན་ཡོང་བ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་པཎ་ཆེན་རིན་པོ་ཆེ་སྟེ། ༸རྒྱལ་བ་ཡབ་སྲས་གཉིས་ལྷན་འཛོམས་ཡོང་བ་དང་། བོད་མི་ཚོས་ཁོང་གི་གསུང་ཐོས་པའི་སྨོན་ལམ་ཡོད་ཅེས་གསུངས།

གཞན་ཡང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས་ལགས་ཀྱིས་པཎ་ཆེན་རིན་པོ་ཆེ་དགུང་གྲངས་ ༣༦ ལ་ཕེབས་པར་འཚམས་འདྲི་དང་ཆབས་ཅིག བོད་མི་ཚོས་ཁོང་སྐུ་མདུན་དུ་མེད་པའི་ངང་ནས་ཁོང་གི་འཁྲུངས་སྐར་སྲུང་བརྩི་ཞུ་དགོས་པའི་གནས་སྟངས་འདི་ཡིད་སྐྱོ་བོ་ཞིག་ཡིན་པ་གསུང་བཞིན་འདུག དེ་ཡང་ཁོང་གིས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གུང་ལོ་ ༣༦ ཕེབས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ཡིན་ནའང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ལ་ང་རང་ཡང་ཆུང་དུས་ནས་ད་ལྟ་བར་དུ་ཁོང་གི་འཁྲུངས་སྐར་ཁོང་སྐུ་མདུན་དུ་མེད་པའི་ཐོག་ནས་སྲུང་བརྩི་བྱ་དགོས་བྱུང་། ཁོང་ལ་མཚོན་ན། གུང་ལོ་ ༦ ལ་རྒྱ་ནག་གིས་འཛིན་ཟུང་བྱས་ནས་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་ཆགས་ཡོད། ཁོང་གི་སྐུ་ཐོག་གོང་མའི་མཛད་པ་ལ་གཟིགས་ན། བོད་ཀྱི་ཆབ་སྲིད་གནད་དོན་ཐད་ལ་ཡིན་ན་འདྲ། བོད་ཀྱི་རིག་གཞུང་དང་ནང་ཆོས་ཚང་མའི་ཐད་སྐུ་ལས་མང་པོ་སྐྱོན་ཡོད་རེད། དམིགས་བསལ་བོད་པའི་སྐད་ཡིག་དང་ངོ་བོ་སྲུང་སྐྱོབ་ཐོག་སྐུ་ལས་མང་པོ་སྐྱོན་ཡོད་རེད། དེར་བརྟེན་རྒྱ་གཞུང་གི་ཡང་སྲིད་རིན་པོ་ཆེ་གཞོན་དུས་ནས་འཛིན་ཟུང་བྱས་ཡོད་པ་རེད།

པཎ་ཆེན་སྐུ་ཐོག་གོང་མ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་བོད་མི་རིགས་སྤྱི་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་རྒྱུན་འཛིན་ཐད་རྒྱ་ནག་གཞུང་གི་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར་སྐུ་ལས་ལྷོད་མེད་སྐྱོན་མཁན་ཞིག་ཡིན་པ་དང་། ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་དང་དེ་དོན་ཡར་རྒྱས་གཏོང་དགོས་པའི་ཞུ་ཡིག་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞིག་རྒྱ་ནག་གཞུང་ལ་ཕུལ་ཞིང་། དེར་བརྟེན་རྒྱ་ནག་གཞུང་གིས་ཁོང་ལ་མ་ཉེས་སྐྱོན་འཛུགས་ཀྱིས་བཙོན་འཇུག་སྡུག་སྦྱོང་བཏང་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོར་ཁོང་ཉིད་དོགས་གཞི་ཆེན་པོའི་ཐོག་དགོངས་པ་རྫོགས་ཡོད་པ་རེད།

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་བོད་ནང་བཞུགས་ཏེ། བོད་རིགས་ཀྱི་ངོ་བོ་རྒྱུན་འཛིན་དང་། ལྷག་པར་བོད་མི་མང་གི་བདེ་དོན་སླད་སྐུ་ངལ་ཆེན་པོ་སྐྱོན་ཡོད་པ་འགྲེལ་བརྗོད་གནང་གི་འདུག དེ་ཡང་ཁོང་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་རྗེས། བོད་ནང་པཎ་ཆེན་རིན་པོ་ཆེ་ཡིས་བོད་བསྟན་པ་ཆབ་སྲིད་ཆེད་སྐུ་ལས་མང་དག་ཅིག་སྐྱོན་ཡོད་ལ། དེ་བཞིན་ཆོས་དད་རང་མོས་ཀྱི་སྲིད་བྱུས་དང་། མི་རིགས་སྲིད་བྱུས་སོགས་ཀྱི་ཐོག་རྒྱ་ནག་གཞུང་ལ་འཐབ་རྩོད་དང་དགོངས་ཚུལ་གནང་ཡོད། ལོ་རབས་ ༨༠ ནང་བོད་ཀྱི་སྐད་ཡིག་མི་རིགས་ཀྱི་གནད་དོན། ཆོས་ལུགས་ཀྱི་གནད་དོན་སོགས་ཀྱི་ཐད་གུ་ཡངས་ཕྱིན་པའི་རྗེས་བོད་ཀྱི་སྐད་ཡིག་དང་། ཆོས་ལུགས། རིག་གནས་སླར་གསོ། བོད་ཕྱི་ནང་གི་འབྲེལ་ལམ་སོགས་ཀྱི་ཐད་སྐུ་ལས་མང་པོ་སྐྱོན་ཡོད་པ་འགྲེལ་བརྗོད་གནང་བཞིན་འདུག །

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།







བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎