ད་ལོ་དགའ་ལྡན་ཕོ་བྲང་གི་སློབ་ཕྲུག་གཟེངས་རྟགས་ཐོབ་མཁན་སློབ་མ་བཅུ་བྱུང་འདུག
འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཐོབ་མཁན་སློབ་མ་བཅུ་བྱུང་བའི་ཁྲོད་དགུ་མ་སུ་རུ་བོད་ཁྱིམ་ནས་ཡིན་འདུག
འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཐོབ་མཁན་སློབ་མ་བཅུ་བྱུང་བའི་ཁྲོད་དགུ་མ་སུ་རུ་བོད་ཁྱིམ་ནས་ཡིན་པ་དང་། གཅིག་མོན་གྷོ་སཾ་བྷོ་ཊ་སློབ་གྲྭ་ནས་ཡིན་པ་རེད་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་འཆར་ཅན་བཞིན་འདི་ལོའི་དགའ་ལྡན་ཕོ་བྲང་གི་སློབ་ཕྲུག་གཟེངས་རྟགས་དེ་འཛིན་རིམ་༡༢་གྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཚན་རིག་དང་། ཚོང་རིག་འཁེལ་ཡོད་པ་དང་། འདི་ལོའི་དགའ་ལྡན་ཕོ་བྲང་གི་སློབ་ཕྲུག་གཟེངས་རྟགས་ཁྲོད། ཚན་རིག་སྡེ་ཚན་ནས་ཨང་དང་པོ་གཉིས་བྱུང་བ་དེ་མ་སུ་རི་བོད་ཁྱིམ་གྱི་བསྟན་འཛིན་དཀོན་མཆོག་བདེ་གསལ་ལགས་དང་། བསྟན་འཛིན་ལེགས་བཟང་ལགས་ཡིན་པ་དང་། ཨང་རིམ་གཉིས་པ་མོན་གྷོ་སཾ་བྷོ་ཊ་སློབ་གྲྭའི་བསྟན་འཛིན་ཆོས་འཛིན་ལགས་དང་། ཨང་གསུམ་པ་དེ་མ་སུ་རི་བོད་ཁྱིམ་གྱི་བསྟན་འཛིན་དཔལ་སྒྲོན་ལགས་བཅས་ཡིན་འདུག དེ་བཞིན་ཚོང་རིག་སྡེ་ཚན་ནས་ཨང་རིམ་གཞིར་བཟུང་མ་སུ་རི་བོད་ཁྱིམ་གྱི་བསྟན་འཛིན་རྒྱལ་མཚན་ལགས་དང་བསྟན་འཛིན་ཚེ་སྐྱིད་ལགས། བསྟན་འཛིན་རྡོ་རྗེ་ལགས་བཅས་ཡིན་པ་དང་། སྒྱུ་རྩལ་སྡེ་ཚན་ནང་མ་སུ་རི་བོད་ཁྱིམ་གྱི་བདེ་སྐྱིད་དབྱངས་འཛོམས་ལགས་དང་། བསྟན་འཛིན་དཔལ་སྒྲོན་ལགས། བསྟན་འཛིན་ཆོས་འཛིན་ལགས་བཅས་ཡིན་འདུག
དགའ་ལྡན་ཕོ་བྲང་གི་སློབ་ཕྲུག་གཟེངས་རྟགས་དེ་བཞིན་ཕྱི་ལོ་༢༠༠༢་ལོར་ཤེས་རིག་ལས་ཁུངས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་དབུས་བརྙེས་ནས་ངོ་ལོ་༣༦༠་འཁོར་བའི་དུས་ཆེན་སྲུང་བརྩི་དང་བསྟུན། ༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་གྱིས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་དང་། བོད་ཕྲུག་ཡོངས་ཀྱི་ཤེས་ ཡོན་གནས་ཚད་གོང་མཐོར་གཏོང་རྒྱུའི་སེམས་ཤུགས་སྤར་རྒྱུ་དང་མིག་དཔེ་བཟང་པོ་སྟོན་རྒྱུར་དམིགས་ཏེ་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། ཐོག་མའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་ཚན་རིག་དང་། ཚོང་རིག སྒྱུ་རྩལ་བཅས་སློབ་ཚན་སོ་སོའི་ནང་ཡིག་རྒྱུགས་ཀྱི་གྲུབ་འབྲས་རྩེ་ཕུད་སོན་མཁན་གྱི་སློབ་མ་གཅིག་རེར་གཟེངས་བསྟོད་ཕྱག་འཁྱེར་དང་མ་དངུལ་གནང་གི་ཡོད་ནའང་། བཀའ་ཤག་སྐབས་༡༤་པའི་ངོས་ནས་མཐོ་རིམ་སློབ་གྲྭའི་སློབ་ཡོན་སྤར་གནང་བ་དང་འབྲེལ། དགའ་ལྡན་ཕོ་བྲང་གཟེངས་རྟགས་དེའང་སློབ་ཚན་སྡེ་ཁག་གསུམ་གྱི་སློབ་མ་རྩེ་ཕུད་གསུམ་རེ་བྱས་ཏེ་སློབ་ཕྲུག་༩་ལ་སྤར་ཆ་གནང་བ་དང་དངུལ་གྱི་བྱ་དགའ་ཡང་རྒྱ་གར་གྱི་ཤོག་སྒོར་༥༠༠༠་ནས་སྤར་ཆ་གནང་ནས་ཨང་དང་པོར་སྒོར་༢༠༠༠༠་དང་ཨང་རིམ་གཉིས་པར་སྒོར་༡༥༠༠༠་ཨང་རིམ་གསུམ་པར་༡༠༠༠༠་བཅས་གནང་གི་ཡོད་པ་རེད།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།