ལོ་གཅིག་དང་ཕྱེད་ཀའི་དགེ་རྒན་འོས་སྦྱོང་མཇུག་སྒྲིལ་འདུག
2017.02.20

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ལོ་གཅིག་དང་ཕྱེད་ཀའི་རིང་གི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་དེ་བཞིན་ཕྱི་ཚེས་༡༧་ཉིན་མཇུག་སྒྲིལ་གནང་འདུག
ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་༢༠༡༥་ལོའི་ཕྱི་ཟླ་༧་ཚེས་༨་ཉིན་དབུ་འཛུགས་ཀྱིས། ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་ལོ་གཅིག་དང་ཕྱེད་ཀའི་རིང་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་གནང་བ་དེ་བཞིན་འདི་ཟླའི་ཚེས་༡༧་སྟེ་གཟའ་པ་སངས་ཉིན་ལེགས་གྲུབ་ཟིན་ནས་མཇུག་སྒྲིལ་གྱི་མཛད་སྒོ་གནང་ཡོད་པ་དང་། བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་གདན་ཞུས་ཀྱིས་དགེ་རྒན་འོས་སྦྱོང་ཐོན་པའི་བུ་༧་དང་བོུ་༡༢་ལ་ལག་ཁྱེར་གསོལ་སྩལ་གནང་འདུག
བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་ས་ར་བོད་ཀྱི་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་ལོ་གཅིག་དང་ཕྱེད་ཀའི་རིང་གོ་སྒྲིག་ཞུས་པའི་ལས་རིམ་ཁག་ངོ་སྤྲོད་གནང་སྐབས་འོས་སྦྱོང་རིང་གཞི་རིམ་འོག་མའི་སློབ་ཚན་བོད་ཡིག་དང་། ཨང་རྩིས། ཚན་རིག སྤྱི་ཚོགས་ཚན་རིག་བཅས་སློབ་ཁྲིད་ཐབས་ལམ་དང་། ཁྲིད་ཆས་བཟོ་ཐབས། དབྱིན་ཇི་ཁྲིད་ཐབས། སློབ་ཁྲིད་འཆར་འགོད་གནང་ཕྱོགས་བཅས་ཀྱི་སྐོར་སློབ་ཁྲིད་སླད་དུ་ཆེད་ལས་པ་གདན་ཞུས་གནང་སྐོར་དང་། གཞན་ཡང་བརྡ་སྤྲོད་དང་། ནང་ཆོས། ལྷག་དོན་དུ་ཟླ་བ་གཅིག་ལྷག་རིང་རིག་ལམ་སློབ་ཁྲིད་དང་རི་མོའི་སྦྱོར་བརྡར། དབུགས་སྦྱོང་། བྱིས་པའི་ཀློག་རྩལ་གྱི་ཟབ་སྦྱོང་། རྩོད་རྙོག་འདུམ་སྒྲིག་སོགས་ལས་རིམ་སྣ་མང་གོ་སྒྲིག་ཞུས་པ་མ་ཟད། རྡ་སའི་ཉེ་འཁོར་གྱི་བོད་ཁྱིམ་དང་སམ་བྷོ་ཊ་སོགས་སློབ་གྲྭ་ཁག་ལྔའི་ནང་ཟླ་བ་གཅིག་ལྷག་རིང་སློབ་ཁྲིད་ཀྱི་སྦྱོང་བརྡར་ཆེད་བཏང་གནང་བར། དགེ་འོས་སློབ་མ་༡༩་ཆ་ཚང་འབྲི་རྒྱུགས་དང་སློབ་ཁྲིད་ལག་ལེན་གཉིས་ཀར་ཆ་སྙོམ་བརྒྱ་ཆ་༦༠་ཡན་ལོན་ཏེ་ཨང་གྲངས་དང་པོའི་ནང་རྒྱུགས་འཕྲོད་སྐོར་སོགས་ལས་བསྡོམས་སྙན་སྒྲོན་ཞུས་འདུག
ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་དགེ་རྒན་གྱི་ལས་འགན་དང་། དགེ་རྒན་གྱི་མཚན་ཉིད། དགེ་རྒན་གྱི་འགན་འཁྲི་སོ་སོའི་ཆེད་ལས་དུས་ནས་དུས་སུ་ཡར་རྒྱས་གཏོང་རྒྱུ་གལ་ཆེ་ཡིན་པའི་སྐོར་གསུང་བཤད་གནང་འདུག
དགེ་རྒན་འོས་སྦྱོང་ནས་ཐོན་པའི་སློབ་ཕྲུག་༡༩་རྣམས་ལ་སྦྱོང་བརྡར་ཚད་ལྡན་ཐོབ་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།