ཨའོསི་ཊརེ་ལི་ཡའི་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱིས་དྭང་བླངས་ཀྱི་ཐོག་དཔལ་འབྱོར་འདུ་འགོད་ཀྱི་ཡོང་འབབ་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་ལ་ཕུལ་ཡོད་པ།

2024.08.01
ཨའོསི་ཊརེ་ལི་ཡའི་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱིས་དྭང་བླངས་ཀྱི་ཐོག་དཔལ་འབྱོར་འདུ་འགོད་ཀྱི་ཡོང་འབབ་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་ལ་ཕུལ་ཡོད་པ། ༢༠༢༤ ཟླ་ ༧ ཚེས་ ༣༡ ཉིན་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཨོའོསི་ཊིརེ་ལི་ཡའི་དོན་གཅོད་ཀརྨ་སེང་གེ་ལགས་ཀྱི་སར་བཅར་སྐབས།
Ngawa Choezin

ཨའོསི་ཊརེ་ལི་ཡའི་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱིས་མ་སྐུལ་དྭང་བླང་གི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་ལ་ཕན་པའི་ཆེད།   ས་གནས་སུ་མཚན་ཚོགས་ཤིག་ཆེད་བསྐོངས་ཀྱིས་དཔལ་འབྱོར་འདུ་འགོད་གནང་བའི་ཡོང་འབབ་ཡོངས་རྫོགས། ཕྱི་ཟླ་ ༧ ཚེས་ ༣༡ ཉིན་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྔ་བ་ཆོས་འཛིན་ལགས་ཀྱིས་ཨོའོསི་ཊིརེ་ལི་ཡའི་དོན་གཅོད་ཀརྨ་སེང་གེ་ལགས་ཀྱི་སར་ཆེད་བཅར་ཞུས་ཏེ་ཨོ་སྒོར་ ༩༤༢༠ རྩིས་འབུལ་གནང་ཡོད་པ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ནི་གཞལ་ཐབས་བྲལ་བ་ཞིག་ཡིན་པ་དང་། ལྷག་པར་ཨའོསི་ཊརེ་ལི་ཡར་འབྱོར་བའི་བོད་མི་ཕལ་མོ་ཆེ་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་མཐུན་འགྱུར་འོག་ཡོང་བ་ཤ་སྟག་ཡིན་པས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་བཀའ་དྲིན་གྱི་ཆ་ཕྲ་མོ་ཙམ་གསབ་སླད་དང་། བོད་རིགས་མཐུན་ཚོགས་གཞན་ལའང་མིག་དཔེར་འོས་པ་སོགས་ཀྱི་ཆེད་དམིགས་ཡོད་པ། སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྔ་བ་ཆོས་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

སྐབས་ ༡༨ པའི་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་ཀྱིས་སྤྱི་མོས་གྲོས་ཆོད་བཞག་སྟེ། ལོ་བསྟར་ཆགས་སུ་ཨོ་སྒོར་ལྔ་སྟོང་ལས་མི་ཉུང་བ་དཔལ་འབྱོར་འདུ་འགོད་ཀྱིས་བོད་མིའི་སྒྲིག་འཛུགས་ལ་འབུལ་གཏན་འཁེལ་ཡོད་པ་གཞིར་བཟུང་། ལོ་རེ་བཞིན་ཆེད་དམིགས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་ལ་ཕན་ཆེད་དཔལ་འབྱོར་འདུ་འགོད་ཀྱི་ཡོང་འབབ་ཇི་ཙམ་ཐོབ་པ་ཆ་ཚང་། ཆད་ལུས་མེད་པར་བོད་མིའི་སྒྲིག་འཛུགས་ལ་མུ་མཐུད་ལོ་རེ་བཞིན་འབུལ་རྒྱུ་ཡིན་པ་ངོ་སྤྲོད་གནང་གི་འདུག

ཡང་ཁོང་གིས་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཞལ་འདེབས་འདི་ནི་དངུལ་འབོར་ཕོན་ཆེ་མིན་ཡང་། རྒྱབ་ལྗོངས་གཙོ་བོ་ནི་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས། འཛམ་གླིང་གང་སའི་བོད་པའི་མཐུན་ཚོགས་གཞན་རྣམས་ཀྱིས། ལས་གཞི་འདི་འདྲ་བརྩམས་ཐུབ་པའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཨའོསི་ཊརེ་ལི་ཡ་རྒྱལ་ཁབ་ཀྱི་ནང་བོད་རིགས་མཐུན་ཚོགས་ཁག་བཅུ་གཉིས་ཡོད་པ་དང་། བར་སྐབས་ནས་བོད་ནས་འབྱོར་བ་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཡོད། འབྲེལ་ཆགས་ཁག་མང་པོ་ཞིག་རྒྱ་གར་ནས་ཕར་ཕེབས་ཡོད་པས། ཡུལ་གྲུ་དེ་ནི་ད་ཆ་ཡར་ཐོན་ཅན་གྱི་ཡུལ་ལུང་ནང་བོད་མི་གནས་སྡོད་བྱེད་མཁན་མང་ཤོས་ཀྱི་གྲས་ཤིག་ཆགས་ཡོད་པ་རེད།།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎