བོད་མིའི་སྒྲིག་འཛུཊ་ཀྱི་དབུས་ས་ཡན་ལག་བཅས་ནས་བོད་ཡིག་བེད་སྤྱོད་གཏོང་དགོས།
2017.09.25

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཞུང་འབྲེལ་མཛད་སྒོ་ཆེ་ཆུང་ཁག་དང་། དབུས་ས་ཡན་ལག་དང་བཅས་པའི་དབར་འབྲེལ་ལམ་བྱེད་སའི་བརྒྱུད་ལམ་ཁག་བོད་ཡིག་བེད་སྤྱོད་བྱེད་དགོས་གལ་ཆེན་པོ་ཡིན་པའི་སྐོར་གྲོས་ཚོགས་ནང་གསུངས་འདུག
དེ་ཡང་དེང་སྐབས་ཚོགས་བཞིན་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བཞི་པའི་ཐོག་མར། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས་ད་ཕན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཆེ་ཆུང་ཁག་དང་། དེ་བཞིན་དབུས་ས་ཡན་ལག་དང་བཅས་པས་རྒྱུན་འབྲེལ་གཙོ་བོ་རང་གི་སྐད་ཡིག་བེད་སྤྱོད་དགོས་པའི་གྲོས་འཆར་བཏོན་གནང་བ་དེའི་ཐད། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་རྒྱབ་སྐྱོར་གནང་སོང་ལ། ཕྱོགས་མཚུངས་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེའི་ཐོག་བགྲོ་གླེང་ལྷུག་པོ་གནང་བའི་མཐར་ཚད་མཐོའི་མང་མོས་རྒྱབ་སྐྱོར་ཐོབ་སྟེ་གྲོས་ཆོད་གཏན་འབེབས་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཡིག་དང་བོད་སྐད་ནི་ང་ཚོ་མི་རིགས་ཀྱི་ངོ་བོ་དང་སྲོག་རྩ་ཡིན་སྐོར་གསུང་པ་དེ་དག་ཚང་མར་མོས་མཐུན་ཡོད་ཅེས་ཞུ་རྒྱུ་ཡིན། ད་བར་བོད་མིའི་སྒྲིག་འཛུགས་ནས་ཀྱང་དུས་རྟག་ཏུ་དབུས་ས་ཡན་ལག་དང་བཅས་པས་རྒྱུན་དུ་ཡིག་འབྲེལ་གཙོ་བོ་རང་གི་སྐད་ཡིག་ཐོག་ནས་ལག་བསྟར་བྱས་དང་བྱེད་མུས་ཡིན། དེ་བཞིན་གཞུང་འབྲེལ་མཛད་སྒོ་དང་གསུང་འཕྲིན་ཁག་ཚང་མ་བོད་ཡིག་ནང་ལག་བསྟར་བྱས་དང་བྱེད་མུས་ཡིན། བཀའ་ཤག་གིས་གཙོས་དབུས་ཀྱི་ལས་ཁུངས་ཁག་གི་ཡིག་འབྲེལ་རིགས་གཙོ་བོ་བོད་ཡིག་ཐོག་ཡིན་པ་མ་ཟད། ཁྱབ་ཁོངས་ས་གནས་ཀྱི་ལས་ཁུངས་ཁག་དང་ཡན་ལག་སྨན་ཁང་། སློབ་གྲྭ་ཁག་བཅས་ནས་ཀྱང་བོད་ཡིག་ཐོག་ཡིག་འབྲེལ་བྱས་དང་བྱེད་མུས་ཡིན་པ་རེད། ལྷག་པར་དུ་ཤེས་ཡོན་ལྷན་ཚོགས་ནས་འཆར་གཞི་ཕུལ་བ་ལྟར་བཀའ་ཤག་ནས་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཡིག་གཙོ་བོར་བེད་སྤྱོད་གཏོང་དགོས་པའི་བཀོད་ཁྱབ་བཏང་ཟིན་ཡོད་སྟབས་བོད་ཡིག་ལག་བསྟར་བྱས་དང་བྱེད་མུས་ཡིན་ཞེས་ཞུ་རྒྱུ་ཡིན་ཟེར་གསུང་བ་དང་། ཡང་སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་མཛད་སྒོ་ཁག་ལ་ཕྱི་རྒྱལ་སྐུ་མགྲོན་ཕེབས་ཀྱི་ཡོད་པ་རེད། རྡ་རམ་ས་ལར་ཆ་བཞག་ན། མཛད་སྒོར་ཕྱི་རྒྱལ་དང་རྒྱ་གར་གྱི་མི་སྣ་མང་པོ་བཅར་གྱི་ཡོད་པར་བརྟེན་བོད་སྐད་ནང་ཡོད་པའི་གསུང་འཕྲིན་གྱི་འགྲེལ་བཤད་སྙིང་བསྡུས་ཤིག་དབྱིན་ཡིག་དང་། ཧིན་རྡུའི་སྐད་ཡིག་ཐོག་ངོ་སྤྲོད་དགོས་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཞེ་ན། བོད་མི་རིགས་ཀྱི་ངོ་བོ་དང་། ཆོས། རིག་གཞུང་། སྐད་ཡིག་བཅས་མི་ཉམས་གོང་འཕེལ་གཙོ་བོར་གཞི་ལ་བཞག་པའི་ཐོག་ནས་བོད་ཀྱི་རྩ་དོན་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་དང་གོ་རྟོགས་སྤེལ་བའི་ཐོག་ནས་བོད་དོན་རྒྱབ་སྐྱོར་འཚོལ་དགོས་ཀྱི་ཡོད་སྟབས་མཛད་སྒོར་བཅར་བའི་སྐུ་མགྲོན་ཙམ་མ་ཟད། མང་ཚོགས་ལའང་གོ་རྟོགས་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན་ཞེས་སོགས་བཀའ་གནང་སྟེ་གྲོས་འཆར་དེའི་ཐོག་གྲོས་བསྡུར་ལྷུག་པོ་གནང་བའི་མཐར་མང་མོས་གྲོས་མཐུན་བྱུང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།