བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་པར་རིགས་འགྲེམས་སྟོན་གནང་བ།
2015.11.25

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་བྱང་ཕྱོགས་སུ་བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་གནང་བཞིན་པ།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས། དེ་རིང་ཕྱི་ཚེས་༢༥ཉིན་ཅན་རྡི་སྒར་གྲོང་ཁྱེར་གྱི་ཉེ་འདབས་སུ་ཆགས་པའི་མོ་ཧ་ལི་གྲོང་ཁྱེར་ནང་ཡོད་པའི་བོད་མིའི་སུད་ཚོང་བའི་ཁྲོམ་རའི་ནང་བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་གནང་ཡོད་པ་དང་། ཕྱི་ཚེས་༢༧དང་༢༨བཅས་ཉིན་གྲངས་གཉིས་རིང་འཇའ་ལན་རྡར་གྲོང་ཁྱེར་ནང་དུ་ཡོད་པའི་བོད་མི་སུད་ཚོང་བའི་ཁྲོམ་རར་འགྲེམས་སྟོན་གནང་རྒྱུ་ཡིན་འདུག
དེ་རིང་མོ་ཧ་ལི་གྲོང་ཁྱེར་ནང་འགྲེམས་སྟོན་མ་གནང་གོང་། ཕྱི་ཟླ་༡༡ཚེས་༡༦ཉིན་པན་ཇབ་མངའ་སྡེའི་གྲོང་ཁྱེར་པ་ཌི་ཡ་ལ་ནས་འགོ་འཛུགས་ཀྱིས། ཕྱི་ཚེས་༢༢བར་གྲོང་ཁྱེར་ཨབ་བྷ་ལ་དང་། ཅན་རྡི་སྒར་བཅས་སུ་ཡང་འགྲེམས་སྟོན་གནང་ཡོད་འདུག
ཐེངས་འདིའི་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་རིག་གཞུང་དང་ལོ་རྒྱུས། ལྷག་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་ས་ཁུལ་དེ་དག་གི་ཡུལ་མིའི་ཁྲོད་གོ་རྟོགས་སྤེལ་ཆེད་ཡིན་པ་རེད། འགྲེམས་སྟོན་སྐབས་གྲོང་ཁྱེར་དེ་ཚོའི་ནང་དགུན་དུས་སུས་ཀྲར་གྱི་ཚོང་ལས་གནང་མཁན་བོད་མི་ཚོས་མཉམ་རུབ་དང་མཐུན་འགྱུར་གནང་ཡོད་པ་དང་། གྲོང་ཁྱེར་དེ་དག་ནང་གི་བོད་མིའི་ཁྲོམ་རར་ཡོང་མཁན་རྒྱ་གར་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སྐོར་ཤེས་རྟོགས་ཡོང་ཆེད་འགྲེམས་སྟོན་གནང་བ་ཞིག་ཡིན་པ་རེད།
གཞན་ཡང་འགྲེམས་སྟོན་སྐབས་༧སྐུའི་གྱ་སྟོན་སྲུང་བརྩི་ཞུ་སླད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་དང་། ཆོས་ལུགས་མཐུན་སྒྲིལ་གོང་སྤེལ། བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུའི་སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་དང་། འཕགས་བོད་འབྲེལ་ལམ་བཅས་ཀྱི་བརྗོད་གཞིའི་ཐོག་འགྲེམས་སྟོན་གནང་འདུག
དེ་བཞིན་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཁག་ཅིག་མང་ཚོགས་ལ་སྟོན་ཡོད་པ་དང་། ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་ཞུས་པའི་དེབ་ཁག་ཅིག་དང་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་གྱི་དཔེ་དེབ་བཅས་མང་ཚོགས་ལ་འགྲེམས་སྤེལ་གནང་ཡོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།