བདམས་ཐོན་བཀའ་བློན་བུད་མེད་གསུམ་གྱིས་གཟའ་ལྷག་པའི་ཉིན་དམ་འབུལ་ཞུ་རྒྱུ་རེད་འདུག

2021.11.09
བདམས་ཐོན་བཀའ་བློན་བུད་མེད་གསུམ་གྱིས་གཟའ་ལྷག་པའི་ཉིན་དམ་འབུལ་ཞུ་རྒྱུ་རེད་འདུག བདམས་ཐོན་བྱུང་བའི་བཀའ་བློན་བུད་མེད་གསུམ།
སྒྲིག་བཟོ།/RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་མཚན་བཏོན་གནང་བ་བཞིན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་འདེམས་ཐོན་བྱུང་བའི་སྐབས་བཅུ་དྲུག་པའི་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་དང། རྒྱ་རི་སྒྲོལ་མ་ལགས། ནོར་འཛིན་སྒྲོལ་མ་ལགས་བཅས་ཀྱིས་སང་ཉིན་ཕྱི་ཟླ་བཅིུག་པའི་ཚེས་༡༠་རེས་གཟའ་ལྷག་པའི་ཉིན་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དངོས་སུ་དམ་འབུལ་གནང་གི་ཡོད་པ་རེད་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེ་སྔ་འོས་བསྡུའི་སྐབས་ཁས་ལེན་གནང་བ་བཞིན། ད་རེས་སྐབས་བཅུ་དྲུག་པའི་བཀའ་ཤག་ནང་བུད་མེད་གསུམ་དངོས་སུ་བསྐོ་བཞག་གནང་ཐུབ་པ་བྱུང་ཡོད་པ་དང་། དེ་ནི་ད་བར་བཀའ་ཤག་ནང་བུད་མེད་བཀའ་བློན་གསུམ་བསྐོ་བཞག་གནང་བ་ལོ་རྒྱུས་ཀྱི་རང་བཞིན་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ད་བར་བདམས་ཐོན་བེུད་བཀའ་བློན་རྣམ་པ་ལྷན་ཁང་གང་དང་གང་གི་ཐུགས་འགན་བཞེས་མིན་གསལ་བསྒྲགས་གནང་མེད་ཀྱང་། རྒྱ་རི་སྒྲོལ་མ་ལགས་བདེ་སྲུང་དང་། ཐར་ལམ་སྒྲོལ་མ་ལགས་ཤེས་རིག ནོར་འཛིན་སྒྲོལ་མ་ལགས་ཕྱི་དྲིལ་བཅས་ཀྱི་བཀའ་བློན་བཅས་སུ་བསྐོ་བཞག་འབྱུང་རྒྱུ་བཙན་བྱོལ་བོད་མིའི་ཆབ་སྲིད་གནད་དོན་དབྱེ་ཞིབ་པ་ཚོས་ཡོངས་གྲགས་ཚོད་དཔག་བྱེད་བཞིན་འདུག
སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་བློན་གྱི་འོས་མིར་མཚན་འདོན་གནང་པ་ཐུབ་བསྟན་ལུང་རིགས་ལགས་དང་། ཚུལ་ཁྲིམས་རྡོ་རྗེ་ལགས་གཉིས་གྲོས་ཚོགས་ནང་མང་མོས་ཐོབ་མེད་པ་དང་། དེ་ནས་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་མཚན་འདོན་གནང་སྐབས་སྤྱི་འཐུས་མང་པོ་ཞིག་གིས་ངོ་རྒོལ་ཆེད་གྲོས་ཚོགས་ནས་ཕྱིར་ཐོན་པའི་ཟང་ཟིང་གི་གནས་ཚུལ་བྱུང་སྟབས། གྲོས་ཚོགས་ནང་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་ཤོག་བླུགས་ཐུབ་མེད་པ་རེད།
དེ་བཞིན་སྲིད་སྐྱོང་མཆོག་གིས་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ཆེད་དུ། བུད་མེད་ལ་གོ་སྐབས་ཕུལ་དགོས་པ་དེ་ཧ་ཅང་གི་གལ་འགངས་ཆེན་པོར་ངོས་འཛིན་གྱིས་དེ་སྔ་འོས་བསྡུའི་སྐབས་ཁས་ལེན་ཞུས་པ་བཞིན་དངོས་སུ་གོ་སྐབས་ཕུལ་བ་ཞིག་ཡིན་ཞེས་གསུངས་བྱུང་།
བདམས་ཐོན་བཀའ་བློན་རྣམ་པའི་དམ་འབུལ་ཟིན་རྗེས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ཆེད་ཕེབས་གཏན་འཁེལ་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎