བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོཊ་ཆེན་ཐེངས་དང་པོ་མཇུག་སྒྲིལ་བ།
2015.08.14

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་མཇུག་སྒྲིལ་ལེགས་གྲུབ་བྱུང་འདུག
དེ་ཡང་འདི་ཟླའི་ཕྱི་ཚེས་༡༠ནས་༡༣བར་ཉིན་གསུམ་རིང་། དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པ་དེ་སྐོང་ཚོགས་གནང་ཡོད་པ་དང་། ཁ་ས་ཚོགས་འདུ་ཉིན་མཐའ་མའི་སྐབས། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ཚོགས་བཅར་བ་ཕ་མ་རྣམ་པ་དང་། ཕ་མའི་འཐུས་ཚབ་རྣམས་ལ་ཕྲུ་གུའི་ཤེས་ཡོན་ཐད་འགན་ཁུར་གནང་ཕྱོགས་དང་འབྲེལ་བའི་མཇུག་སྡོམ་གསུངས་བཤད་གནང་པ་དང་སྦྲགས་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་དེ་བཞིན་ཕ་མའི་འགན་གཙོ་བོ་གང་ཡིན་མཁྱེན་པའི་ཐོག་ནས་ཕ་མ་དང་སློབ་སྤྱི་དབར་དང་། དགེ་རྒན། ལས་བྱེད། དཔེ་མཛོད་དོ་དམ་པ་སོགས་ཀྱི་དབར་ཕ་མས་འབྲེལ་བ་བྱེད་སྟངས་ཀྱི་ས་མཚམས་མཁྱེན་པའི་ཐོག་ཕྲུ་གུ་གསོ་སྐྱོང་ཚགས་ཆུད་ཆེད་ཡིན་པ་གསལ་འདོན་གནང་འདུག
ཡང་སྲིད་སྐྱོང་མཆོག་ནས། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་ཇུས་སྐོར་གསལ་བཤད་གནང་དོན་དུ། སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་དེ་བཞིན་བོད་ཡིག་ཁོ་ནའི་ཐོག་ནས་སློབ་ཚན་ཁྲིད་རྒྱུ་མ་གཏོགས་གཞན་གང་ཡང་འཁྲིད་རྒྱུ་མིན་པ་ལྟ་བུའི་གོ་ནོར་ཐེབས་ཀྱི་ཡོད་པ་དང་། ཡིན་ཡང་ཕྲུ་གུར་ཆུང་དུས་ནས་ཕ་སྐད་ཐོག་སློབ་ཁྲིད་བྱས་ཚེ་ཕ་སྐད་ཀྱི་གཞི་རྩ་བརྟན་པོ་ཆགས་སྟེ། སྐད་ཡིག་གཞན་སློབ་ཁྲིད་ལས་སླ་པོ་ཤེས་ཐུབ་པ་དང་། ཕྲུ་གུའི་གཞི་རྩའི་བསམ་བློའི་ནང་ཕ་སྐད་བེད་སྤྱོད་བྱེད་རྒྱུའི་གོམས་གཤིས་འཇགས་རྒྱུའི་ཕན་རླབས་ཡོད་པ་གསལ་འདོན་གནང་འདུག
ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས། ཟབ་སྦྱོང་གི་ཉིན་གསུམ་རིང་ཕ་མ་ཚོས་གྲོས་བསྡུར་ལྷུག་པོ་གནང་བ་བརྒྱུད་དགོངས་འཆར་དོན་ཚན་༡༤བཞག་གནང་པ་དང་། དེ་བཞིན་ཤེས་རིག་ལས་ཁུངས་དང་། སྤྱི་ཁྱབ་ཡིག་ཚང་། སློབ་གྲྭ་བཅས་དང་འབྲེལ་བའི་ཐོག་དགོངས་འཆར་དོན་ཚན་༢༡བཞག་པ་སོགས་སྤྱི་ཡོངས་ཐོག་ནས་ཚོགས་འདུའི་བགྲོ་གླེང་ལྷུག་པོ་དང་། འགན་ཁུར་གྱི་མཉམ་བཞུགས་གནང་པར་བསྔགས་བརྗོད་ཞུས་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
དེ་འབྲེལ་གྱི་གནས་ཚུལ་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས།