བོད་མིའི་སྒྲིག་འཛུགས་ཀྱིས་དྲ་ཐོག་འཛིན་སྐྱོང་གི་ལས་གཞི་གློག་འཕྲུལ་ཡིག་ཚགས་དངོས་སུ་འགོ་བརྩམས་སོང་།

2022.04.01
བོད་མིའི་སྒྲིག་འཛུགས་ཀྱིས་དྲ་ཐོག་འཛིན་སྐྱོང་གི་ལས་གཞི་གློག་འཕྲུལ་ཡིག་ཚགས་དངོས་སུ་འགོ་བརྩམས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་འཛིན་སྐྱོང་ལས་གཞི་གློག་འཕྲུལ་ཡིག་ཚགས་(E-Filing)་དངོས་སུ་ལག་བསྟར་བྱེད་རྒྱུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབུ་འབྱེད་གནང་སྐབས། ༠༤།༠༡།༢༢
RFA/Dhasa

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་གསར་པའི་ཉིན་དང་པོ་སྟེ་སྤྱི་ཟླ་༤པའི་ཚེས་༡ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེང་དུས་འཕྲུལ་རིག་དང་མཐུན་པའི་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་འཛིན་སྐྱོང་གློག་འཕྲུལ་ཡིག་ཚགས་(E-Filing)་ལས་གཞི་དངོས་སུ་ལག་བསྟར་བྱེད་རྒྱུ་གངས་སྐྱིད་དུ་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས། སྐབས་༡༦པའི་བཀའ་ཤག་གི་ངོས་ནས་ལས་གཞི་དེ་གལ་ཆེན་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་། འབྱུང་འགྱུར་གྱི་ལོ་གཅིག་ནང་ཚུད་ས་གནས་ཀྱི་ལས་ཁུངས་ཁག་དང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ལས་གཞི་འདིའི་ནང་འཇུག་ཐུབ་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཁྱོན་ཡོངས་དྲ་ཐོག་ནས་འཛིན་སྐྱོང་བྱེད་ཐུབ་པའི་ལམ་ལ་བསྐྱོད་ཐུབ་ཅེས་དང་། མ་འོངས་པ་ལས་དོན་ཅི་འདྲ་ཞིག་གི་ཐོག་མཁས་པ་ཞིག་དགོས་ཀྱི་ཡོད་ན། ཕྱིར་བསྟུན་མི་དགོས་པར་བོད་མིའི་སྒྲིག་འཛུགས་རང་ནང་བཏོན་དགོས་པ་ལས་བྱེད་ཚོར་ལམ་སྟོན་གནང་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་གློག་ཀླད་རྩིས་འཁོར་ཀམ་པུ་ཊར་སྡེ་ཚན་ནས་ཐུགས་འགན་གཙོ་བོ་བཞེས་ཏེ་༢༠༢༡ལོའི་སྤྱི་ཟླ་༡༠པའི་ནང་ལས་གཞི་དེའི་ཐོག་ལས་ཀ་བྱེད་རྒྱུ་དངོས་སུ་འགོ་འཛུགས་གནང་འདུག་པ་དང་། སྡེ་ཚན་དེ་ཉིད་ཀྱི་ལས་བྱེད་ཀུན་དགའ་འཇིགས་མེད་ལགས་ནི་ལས་གཞི་དེའི་ཐོག་འགན་ཁུར་གནང་མཁན་གཙོ་བོ་གྲས་ཤིག་ཡིན་པ་རེད། ཁོང་གིས། ལས་གཞི་དེ་འགོ་བཙུགས་སྐབས། འདས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ཡིག་ཚགས་ཉར་ཕྱོགས་ཐད་རྒྱུས་ལོན་ཡོང་བར་དཀའ་ངལ་ཅུང་ཙམ་འཕྲད་ཡོད་ཀྱང་། འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དེ་སྟབས་བདེ་རུ་ཕྱིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་དྲ་རྒྱ་བཀོད་སྤྱོད་བྱེད་པའི་སྐབས་བདེ་འཇགས་མེད་པའི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། འོན་ཀྱང་། ད་རེས་དབུ་འབྱེད་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་དེ་སྒྲིག་འཛུགས་ཀྱི་ལས་བྱེད་ནང་ཁུལ་འབྲེལ་བ་བྱེད་ས་ཞིག་ཡིན་པ་ལས། ནམ་རྒྱུན་སྤྱི་དམངས་ཀྱི་བཀོད་སྤྱོད་བྱེད་བཞིན་པའི་དྲ་རྒྱ་དང་ཐད་ཀ་འབྲེལ་བ་མེད་སྟབས། བདེ་འཇགས་ཡག་པོ་ཡོད་པ་མ་ཟད། དྲ་རྒྱའི་ཐོག་འཇག་རྒོལ་རིགས་ཡོང་རྒྱུ་ཁག་པོ་ཆགས་ཡོད་པ་ཀུན་དགའ་འཇིགས་མེད་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཉིན་འདིར་དངོས་སུ་དབུ་འབྱེད་གནང་བའི་ལས་གཞི་དེ་བརྒྱུད་ནས་ཤོག་བུ་བེད་སྤྱོད་གཏོང་མཚམས་གཏན་ནས་འཇོག་མི་ཐུབ་ཀྱང་ཤོག་བུ་བཀོལ་སྤྱོད་བརྒྱ་ཆ་༥༠ལྷག་ཉུང་དུ་གཏོང་ཐུབ་པའི་རེ་བ་ཡོད་པས། དེས་ཁོར་ཡུག་སྲུང་སྐྱོབ་ལ་ཡང་ཕན་ཐོགས་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་གནང་སོང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎