ཨ་རི་དང་དབྱིན་ཡུལ་ནས་སློབ་སྦྱོང་བྱེད་རྒྱུར་མཐུན་འགྱུར་གནང་རྒྱུ།
2015.12.16
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རི་དང་དབྱིན་ཡུལ་གཉིས་སུ་མཐོ་རིམ་སློབ་སྦྱོང་བྱེད་མཁན་ལ་མཐུན་འགྱུར་གནང་རྒྱུ་ཡིན་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས། ལོ་ལྟར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཕྱི་རྒྱལ་ཁག་ནས་མཐུན་འགྱུར་རོགས་རམ་བརྒྱུད། བོད་མི་གཞོན་སྐྱེས་ཚོའི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་དམིགས་ཡུལ་འཛིན་གནང་བཞིན་ཡོད་པ་ལྟར་། འཆར་ལོའི་ནང་དུའང་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ཁོངས་སུ་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་Tibet Fundའམ་བོད་ཀྱི་མ་དངུལ་ཐེབས་རྩ་ཁང་བརྒྱུད་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ལོ་གཉིས་ཀྱི་Master Degreeསློབ་སྦྱོང་བྱེད་རྒྱུའི་གོ་སྐབས་གནང་རྒྱུ་ཡིན་འདུག
དེ་དང་ཕྱོགས་མཚུངས་ཤེས་རིག་ལས་ཁུངས་བརྒྱུད་ནས་དབྱིན་ཡུལ་གྱི་Oxfordགཙུག་ལག་སློབ་ཆེན་གྱི་ལས་འཆར་ཁོངས་སུ། ཟླ་བ་གསུམ་རིང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་གནང་རྒྱུ་ཡིན་པའི་ནང་སྲི་ཞུའི་ལས་བྱེད་དང་། སློབ་གྲྭ་ཁག་གི་དགེ་རྒན་ཁོངས་ནས་ཁྱད་ལས་པའི་ལས་རིགས་ཐོག་སློབ་གཉེར་གནང་འདོད་ཡོད་རིགས་ཀྱི་ས་མིག་གཉིས་ཡོད་འདུག་པ་ཞིབ་ཕྲའི་སྙན་ཞུ་འབུལ་ཚེས་དང་། སློབ་སྦྱོང་བྱེད་རྒྱུའི་ལག་འཁྱེར་ཚད་གཞི་སོགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཚན་པར་ཐད་ཀར་འབྲེལ་བ་ཞུ་དགོས་པའི་སྐོར་གོང་ཞུས་ཆ་རྐྱེན་ཁོངས་སུ་བཀོད་ཡོད་པ་རེད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།