ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་གྲོས་ཆོད་བྱུང་བ་ལྟར་སློབ་གྲྭ་ཟླ་སྒྲིལ་གྱི་ལས་གཞི་འགོ་འཛུགས་གནང་ཡོད་པ།

2021.12.29
ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་གྲོས་ཆོད་བྱུང་བ་ལྟར་སློབ་གྲྭ་ཟླ་སྒྲིལ་གྱི་ལས་གཞི་འགོ་འཛུགས་གནང་ཡོད་པ། པོན་ཊ་སློབ་གྲྭའི་དགེ་སློབ་རྣམས།
བློ་བཟང་།

ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་གྲོས་ཆོད་བྱུང་བ་ལྟར་འཛིན་སྐྱོང་སྟབས་བདེ་ཡོང་སླད་སོགས་ལ་དམིགས་ནས་སློབ་གྲྭ་ཟླ་སྒྲིལ་གྱི་ལས་གཞི་འགོ་འཛུགས་བྱས་ཡོད་འདུག

བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ནས་སློབ་གྲྭ་༥༥ སམ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་བཞེས་གྲུབ་པའི་ཁྲོད་པོན་ཊ་སློབ་གྲྭ་དེ་བཞིན་གཞི་རྒྱ་ཆེ་ཤོས་དང་མཐུན་རྐྱེན་ལེགས་ཤོས་ཡིན་ནའང་ཉེ་བའི་ལོ་ཤས་གོང་ནས་བོད་ནས་གསར་དུ་ཡོང་མཁན་མེད་པ་དང་། ཕྱི་རྒྱལ་ཁག་ཏུ་གནས་སྤོས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་བཅས་ལ་བརྟེན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་མ་ཉུང་དྲགས་པའི་དཀའ་ངལ་འོག་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་སློབ་མའི་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་དང་། འཛིན་སྐྱོང་སྟབས་བདེ་ཡོང་སླད་བཅས་ལ་དམིགས་ནས་སློབ་གྲྭ་ཟླ་སྒྲིལ་དང་འཛིན་གྲྭ་ཉུང་འཁྲི་དགོས་པའི་གྲོས་ཆོད་བྱུང་བ་ལྟར་སིར་མོ་རྫོང་ཁོངས་པོན་ཊ་སློབ་གྲྭའི་འཛིན་གྲྭ་དྲུག་པ་ནས་བརྒྱད་པ་བར་ཧར་པལ་སྤུར་གཏན་སློབ་དང་། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་མ་རྣམས་མ་སུ་རིའི་གཏན་སློབ་ནང་ཟླ་སྒྲིལ་གཏོང་གཏན་འཁེལ་ཡོད་འདུག །དེའི་ཐད་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ནས།
གསར་དུ་རྩིས་ལེན་ཟིན་ལ་ཉེ་བའི་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ཅིག་གིས་གཙོས་སློབ་གྲྭ་མང་པོ་ཞིག་གི་ནང་སློབ་མ་ཧ་ཅང་ཉུང་ཉུང་ཆགས་ཡོད་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་དྲུག་རྩིས་ལེན་ཆེད་གཟིགས་སྐོར་དུ་ཕེབས་ཏེ་སློབ་གྲྭའི་གནས་སྟངས་ལ་རྒྱུས་ལོན་གནང་སྟེ་སློབ་གྲྭ་ཟླ་སྒྲིལ་དང་འཛིན་གྲྭ་ཉུང་འཕྲི་དགོས་པའི་སྐོར་ལ་བཀའ་སློབ་གནང་བ་ལྟར། རྗེས་མའི་ཆར་སློབ་གྲྭ་གང་ཞིག་སྔོན་ལ་ཟླ་སྒྲིལ་གཏོང་དགོས་མིན་ཁ་ཚོན་ཆོད་དཀའ་ཡང་ཤེས་རིག་ལྷན་ཁང་དང་གོ་བསྡུར་གྱིས་མ་འོངས་པར་མུ་མཐུད་ནས་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་རྩིས་ཡོད་ལུགས་དང་། འོན་ཀྱང་དུས་ཚོད་ངེས་མེད་ཀྱིས་ཡུལ་དུས་ཀྱི་བབས་ལ་ལྟོས་ཏེ་ཟླ་སྒྲིལ་དང་འཛིན་གྲྭ་ཉུང་འཁྲི་གནང་རྒྱུ་ཡིན་ལུགས་གསུང་གི་འདུག
རྩ་བའི་སློབ་གྲྭ་འདི་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ནང་ནས་སློབ་མ་མང་ཤོས་དང་སློབ་གྲྭ་ཆེ་ཤོས་ལྟ་བུ་ཆགས་ཀྱི་ཡོད་ཅིང་། ལྷག་པར་དུ་ལོ་བརྒྱད་ཙམ་གྱི་སྔོན་དུ་སློབ་གྲྭ་འདིར་སློབ་མ་ཆིག་སྟོང་མ་ཟིན་ཙམ་ཡོད་པ་དང་། འོན་ཀྱང་བར་སྐབས་བོད་ནས་ཡོང་མཁན་མེད་པ་དང་། གཞིས་སྒར་ཁག་ཏུ་མི་འབོར་ཉུང་དུ་ཕྱིན་པ་བཅས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་སློབ་མ་ཉུང་དུ་ཕྱིན་ཏེ། ད་ལྟའི་ཆར་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་དུ་ཁྱོན་སློབ་མ་བརྒྱ་དང་དགུ་བཅུ་གོ་དྲུག་ལས་མེད་པ་རེད་འདུག །དེའི་ཐད་པོན་ཊ་སློབ་གྲྭའི་དྲུང་ཡིག་ཀུན་དགའ་ལགས་ནས་འགྲེལ་བརྗོད་གནང་དོན།
སློབ་གྲྭའི་འཛིན་རིམ་དྲུག་པ་ཡན་ས་གནས་གཞན་དུ་ཟླ་སྒྲིལ་གཏོང་གི་ཡོད་པར་བརྟེན་ས་གནས་མི་མང་མང་པོ་ཞིག་གིས་སེམས་ཕམ་བྱེད་བཞིན་འདུག་ཅེས་གསུངས་སོང་།
སྤྱིར་སྟངས་པོན་ཊ་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་སྡེ་ཚན་ལོགས་སུ་ཡོད་ཅིང་། ཐེངས་འདིར་འཛིན་རིམ་དྲུག་པ་ཡན་གྱི་སློབ་མ་རྣམས་ཟླ་སྒྲིལ་གཏོང་གི་ཡོད་པ་དང་། འཛིན་གྲྭ་དྲུག་པ་ནས་བཅུ་གཉིས་བར་ཁྱོན་སློབ་མ་བརྒྱ་དང་ལྔ་བཅུ་ང་དྲུག་ལྷག་ཙམ་དང་། དགེ་ལས་གྲངས་བཞི་བཅུ་ཞེ་བརྒྱད་ཡོད་པ་རེད་འདུག །
གཞི་རྩའི་སྤྱི་ལོ་༡༩༦༡ ལོ་ཙམ་ནས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་མང་པོ་ཞིག་ཡོད་ཀྱང་སྤྱི་ལོ་༢༠༡༣ ལོ་ནས་སློབ་གྲྭ་ཁག་སམ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་ལེན་གྱི་འགོ་བརྩམས་ཏེ་ད་ལྟའི་ཆར་སློབ་གྲྭ་ཁག་༥༥ རྩིས་ལེན་ཟིན་ཡོད་པ་དང་། སློབ་གྲྭ་ཁག་དྲུག་རིང་མིན་རྩིས་ལེན་ཟིན་གྲབས་ཡོད་པ་རེད་འདུག ཞིབ་ཕྲ་ལྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བཟང་གིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎