ཨོ་སི་ཁྲི་ར་ལི་ཡའི་ཕྱི་སྲིད་བློན་ཆེན་Penny Wongགིས་རྒྱ་ནག་གཞུང་ལ་བོད་དོན་གླེང་སློང་བྱས་པར། བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་པ།

2022.12.22
ཨོ་སི་ཁྲི་ར་ལི་ཡའི་ཕྱི་སྲིད་བློན་ཆེན་Penny Wongགིས་རྒྱ་ནག་གཞུང་ལ་བོད་དོན་གླེང་སློང་བྱས་པར། བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་པ། ཨོ་སི་ཁྲི་རཱ་ལི་ཡའི་ཕྱི་སྲིད་བློན་ཆེན་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་རྣམ་གཉིས།
སྒྲིག་བཟོ།

ཨོ་སི་ཁྲི་རཱ་ལི་ཡའི་ཕྱི་འབྲེལ་བློན་ཆེན་ཕིན་ནི་ཝོང་(Penny Wong)ལགས་རྒྱ་ནག་དང་ཨོ་གླིང་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་ལོ་ངོ་ལྔ་བཅུ་འཁོར་སྐབས་དང་བསྟུན་ནས་འཚམས་གཟིགས་བརྒྱུད། འདས་པའི་ལོ་ངོ་གསུམ་རིང་ཕྱོགས་གཉི་གའི་བར་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་བསྐྱར་གསོ་དང་འབྲེལ། ཨོ་གླིང་དང་རྒྱ་ནག་བར་གྱི་ཚོང་ལས་དང་དཔལ་འབྱོར། སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐད་མཉམ་ལས་གྲོས་མོལ་མགོ་འཛུགས་བྱས་ཡོད་ཅིང་། སྐབས་དེར་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་ནས་ཤིན་ཇང་དང་བོད། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་བྱེད་དགོས་པ་དང་། དེ་ལ་མུ་མཐུད་ལྟ་ཞིབ་བྱེད་པ་སོགས་ནི་ཨོ་སི་ཁྲི་ར་ལི་ཡ་གཞུང་གི་རྩ་དོན་གཙོ་བོར་བརྩིས་ཏེ་རྒྱབ་སྐྱོར་མུ་མཐུད་བྱེད་ཀྱི་ཡོད་ཅེས། གསར་འགོད་ལྷན་ཚོགས་སར་ཨོ་སི་ཁྲི་ར་ལི་ཡའི་ཕྱི་སྲིད་བློན་ཆེན་ཕིན་ནི་ཝོང་ལགས་ནས་འགྲེལ་བརྗོད་གནང་ཡོད་འདུག

ཁོང་གིས་ང་ཚོས་རྒྱ་ནག་ཕྱི་སྲིད་བློན་ཆེན་དང་ལྷན་རྒྱལ་སྤྱིའི་གནས་སྟངས་སྤྱི་ལ་གོ་བསྡུར་དང་། ཁྱད་པར་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་ཨོ་གླིང་གི་ལངས་ཕྱོགས་དེ་སྔའི་ང་ཚོའི་ཕྱི་སྲིད་བློན་ཆེན་གྱིས་གསལ་སྟོན་གནང་ཟིན་པ་ལྟར། ངས་ཀྱང་དེ་ལྟར་ཨོ་གླིང་གིས་འགྲོ་བ་མིའི་ཐོབ་ཐང་ནི་ཀུན་ལ་ཁྱབ་པར་ངོས་འཛིན་དང་། དེ་ལ་ལྟ་ཞིབ་དང་གུས་བརྩི་ནི་ཤིན་ཇང་དང་བོད། ཧོང་ཀོང་བཅས་ལའང་གཅིག་མཚུངས་སུ་ཁྱབ་པར་ངོས་འཛིན་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། ཨོ་སི་ཁྲི་ར་ལི་ཡ་གཞུང་ལ་བོད་ཀྱི་གནད་དོན་མངོན་གསལ་དོད་པོས་གླེང་སློང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག ཨོ་སི་ཁྲི་ར་ལི་ཡ་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་ལ་ཞུ་འབོད་ཀྱི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཨོ་གླིང་བོད་དོན་ལས་འགུལ་ཁང་གི་འགན་འཛིན་Dr Zoe Betfordལགས་ནས་ཀྱང་། བོད་ཀྱི་གནད་དོན་ནི་ཨོ་གླིང་དང་རྒྱ་ནག་གི་ཚོང་འབྲེལ་ལས་ཀྱང་གལ་གནད་ཆེན་པོ་ཡིན་པར། ང་ཚོས་ཨོ་སི་ཁྲི་ར་ལི་ཡ་གཞུང་ལ་གསལ་འདེབས་བྱེད་རྒྱུ་ཡིན་པ་དང་། ཨོ་སི་ཁྲི་ར་ལི་ཡ་གཞུང་དང་རྒྱ་ནག་གི་འབྲེལ་ལམ་རྒྱུན་སྐྱོང་གི་ཆེད། བོད་དང་འགྲོ་བ་མིའི་ཐོབ་ཐང་ཚོང་སྒྱུར་བྱས་ན་འགྲིག་གི་མ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཕྱི་སྲིད་བློན་ཆེན་ཕིན་ནི་ཝོང་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བོད་དོན་དང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སྐོར་གླེང་སློང་བྱས་པར། ཨོ་གླིང་གི་བོད་དོན་ལས་འགུལ་ཁང་སེམས་ཤུགས་ཆེན་པོ་སྐྱེས་བྱུང་། ང་ཚོའི་སེམས་ཁྲལ་ནི་བྲེལ་འཚུབ་ངང་ཨོ་གླིང་དང་རྒྱ་ནག་གི་ཚོང་འབྲེལ་བསྐྱར་མཐུད་བྱས་ཚེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྣང་མེད་ཟུར་འཇོག་གི་ཉེན་ཁ་ཡོད་པས། ང་ཚོས་ཕྱི་སྲིད་བློན་ཆེན་ཝོང་ལགས་སུ་བོད་དོན་སྐོར་ག་རེ་གླེང་སློང་བྱུང་བ་བཀའ་འདྲི་ཞུ་རྒྱུ་ཡིན་པ་མ་ཟད། རྒྱ་ནག་དང་ཨོ་གླིང་གི་འབྲེལ་ལམ་རྒྱུན་སྲིང་ཆེད་བོད་དང་འགྲོ་བ་མིའི་ཐོབ་ཐང་ཚོང་བསྒྱུར་བྱས་ན་མི་འགྲིག་པ་གསལ་བོ་བཟོ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག ཨོ་སི་ཁྲི་ར་ལི་ཡ་དང་རྒྱ་ནག་གི་བར་སྤྱི་ལོ་༢༠༢༠ལོ་ནས་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ། ཨོ་གླིང་གི་རྒུན་ཆང་དང་འབྲུ་རིགས་སོགས་ཕྱིར་ཚོང་གི་ཅ་ལག་ཐོག་རྒྱ་ནག་གཞུང་གིས་སྒོ་ཁྲལ་ཚབས་ཆེན་འགེལ་བ་དང་། ཚོང་ཟོག་བཀག་སྡོམ་གྱི་གནས་ཚུལ་སོགས་བྱུང་ཡོད་པར་བརྟེན། ཕྱི་འབྲེལ་བློན་ཆེན་ཕན་ཚུན་མཇལ་འཕྲད་ཀྱི་དམིགས་ཡུལ་གཙོ་བོ་ནི་ཚོང་འབྲེལ་བསྐྱར་མཐུད་ལ་ཐུག་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎