ལྷན་ཁང་ཁག་ལྔའི་དྲུང་ཆེ་གསར་བ་བསྐོ་བཞག་གནང་འདུག
2017.05.19
བཙན་བྱོལ་བོད་མིའི་སྒྲིག་འཛུགས་གྱི་ལྷན་ཁང་ཁག་ལྔའི་དྲུང་ཆེ་གསར་བ་བསྐོ་བཞག་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ལོ་༢༠༡༦ ཟླ་༧ ཚེས་༢༥ ནས་ནང་སྲིད་ལས་ཁུངས་སུ་དྲུང་ཚབ་ཀྱི་ཕྱག་ལས་གནང་བཞིན་པའི་པད་བཀོད་དགེ་གླིང་འཆི་མེད་རིག་འཛིན་ལགས་ཟླ་༥་ཚེས་ ༡༦ ནས་ནང་སྲིད་དྲུང་ཆེར་བསྐོ་གཞག་གནང་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་༨་ཚེས་༨ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཚབ་ཀྱི་ཕྱག་ལས་གནང་བཞིན་པའི་བསྟན་འཛིན་ལུང་རྟོགས་ལགས་འདི་ལོའི་ཟླ་༥ ཚེས་༢༢ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གནང་འདུག
དེ་བཞིན་སྔ་ལོ་ཕྱི་ཟླ་༨ ཚེས་༡ ནས་ཤེས་རིག་དྲུང་ཚབ་ཀྱི་ཕྱག་ལས་གནང་བཞིན་པའི་ཀརྨ་སེངྒེ་ལགས་ཕྱི་ཟླ་༥ ་ཚེས་༡༨ ནས་ཤེས་རིག་དྲུང་ཆེ་དང་། སྔ་ལོ་ཕྱི་ཟླ་༧ ཚེས་༢༥ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་ཀྱི་ཕྱག་ལས་གནང་བཞིན་པའི་ཀརྨ་རིན་ཆེན་ལགས་ཟླ་༥ ཚེས་༡༩ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་དང་། སྔ་ལོ་ཕྱི་ཟླ་༨་ ཚེས་༡ ནས་འོས་བསྡུའི་དྲུང་འཕར་དང་འདེམས་ལྷན་གྱི་དྲུང་ཚབ་གཅིག་ལྕོགས་ཀྱི་ཕྱག་ལས་གནང་བཞིན་པའི་རུ་ཐོག་འཇིགས་མེད་ཚེ་རིང་ལགས་༢༠༡༧ ཟླ་༥ ཚེས་ ༡༧ནས་ལས་བྱེད་འདེམས་ལྷན་གྱི་དྲུང་ཆེར་བསྐོ་གཞག་གནང་འདུག
ཁོང་རྣམས་ཀྱིས་འདས་པའི་ལོ་ཉི་ཤུ་ལྷག་གི་རིང་བཙན་བྱོལ་བོད་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་འདྲ་མིན་ནང་ཕྱག་ལས་གནང་འདུག
གསར་འགོད་པ་དཔལ་ལྡན་རྒྱལ།