བཞུགས་སྒར་དུ་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པ།


2019.08.16
བཞུགས་སྒར་དུ་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་སྐབས། ༢༠༡༩།༨།༡༦ བཞུགས་སྒར་དུ་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་སྐབས། ༢༠༡༩།༨།༡༦
RFA

བོད་ཡིག་མ་ཤེས་ན་བོད་པ་ཡིན་ཟེར་བར་ངོ་ཚ་དགོས་པ་རེད་ཅེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོའི་སྐབས་གསུངས་ཡོད་པ་རེད།
དེ་ཡང་ཟླ་༨་པའི་ཚེས་༡༦་ཉིན་བོད་མིིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་དང་གཙོ་སྐྱོང་འོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་གསར་པ་དུ། བོད་རིགས་གཞོན་སྐྱེས་༡༠༠་ལྷན་འཛོམས་ཀྱིས་འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་འབྲེལ་བའི་བོད་རིགས་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་གཉིས་པ་དེ་འགོ་འཛུགས་གནང་ཏེ། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་བོད་པའི་སྤྱི་ཚོགས་ཁྲོད་ལ་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུ་ཚོར་བསླབ་བྱ་རྒྱག་ཕྱོགས་ཐད་ལ་ཡང་སྔར་དང་བསྡུར་ན། ད་ཆ་འགྱུར་བ་ཆེན་པོ་ཕྱིན་ཏེ་ཞན་དུ་ཕྱིན་ཡོད་པས། བོད་ཡིག་མ་ཤེས་ན་བོད་པ་ཡིན་ཟེར་བར་ངོ་ཚ་དགོས་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ངོ་སྤྲོད་དང་། དམིགས་ཡུལ་སྐོར་འགྲེལ་བརྗོད་གནང་ཡོད་པ་དང་འབྲེལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ཇེ་མཐོ་རུ་འགྲོ་བཞིན་ཡོད་པའི་དབང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་དང་འབྲེལ་བའི་མཛད་འཕྲིན་ཁག་ཇེ་ཉུང་དུ་འགྲོ་བཞིན་ཡོད་པར་བརྟེན། བོད་ཀྱི་གཞོན་སྐྱེས་ཚོའི་ངོས་ནས་བོད་དོན་ཐད་ལ་དམིགས་བསལ་གྱིས་འགན་ཁུར་དགོས་པའི་དུས་སྐབས་ལ་སླེབས་ཡོད་པ་གསུངས་ཡོད་པ་རེད།
ཡང་སྐབས་དེར་ཨོ་སི་ཏྲི་ལི་ཡཱ་བོིད་རིགས་སྤྱི་འཐུས་ཚོགས་པའི་ཚོགས་གཞོན་མགོན་པོ་བཀྲ་ཤིས་ལགས་ཀྱིས་རང་ཉིད་གཞོན་སྐྱེས་ཤིག་ཡིན་པའི་ཆ་ནས་བོད་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་ཚོགས་འདུ་འདི་ལྟ་བུའི་ནང་མཉམ་ཞུགས་བྱེད་རྒྱུ་གལ་འགངས་ཆེན་པོ་རྩིས་པའི་ཐོག བོད་ཀྱི་མི་རབས་གསར་པ་ཚོའི་ངོས་ནས་བོད་རྩ་དོན་ཐོག་ཆ་ཤས་ལེན་རྒྱུ་གལ་ཆེན་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིའི་གཞོན་སྐྱེས་ལྔ་དང་། ལྔ་བཅུའི་འཆར་སྣང་དེའི་ནང་བརྗོད་གཞི་འདྲ་མིན་བཞི་ཡོད་པ་ལས་གཅིག་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་འགན་འཁུར་བཞེས་ཕྱོགས་དང་། འཆར་སྣང་ལྡན་པའི་དབུ་ཁྲིད་བསྐྲུན་ཐབས། དེ་བཞིན་ནུས་པ་མཉམ་སྤུངས་བྱ་ཐབས་སོགས་ཀྱི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག
ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཀུན་བཟང་སྒྲོལ་མ་ལགས་ཀྱིས། ཚོགས་འདུ་འདིར་ལ་དམིགས་བསལ་བཅར་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཕྱི་རྒྱལ་དུ་གནས་སྡོད་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་བསམ་བློར་རྒྱུས་ལོན་ཆེད་མཉམ་ཞུགས་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་དེ་བཞིན་ཉིན་བཞི་རིང་འཚོགས་རྒྱུ་ཡིན་འདུག་ཅིང་། ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོན་ནམས་ནོར་བུ་ལགས་ཀྱིས་སྤྱི་ལོ་༢༠༡༨ ་ལོར་བསྐོང་ཚོགས་གནང་བའི་གཞོན་སྐྱེས་ལྔ་དང་ལྔ་ཅུའི་ཚོགས་འདུ་དང་པོ་དེ་བཞིན་ལམ་ལྷོངས་བྱུང་ཡོད་ལུགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ལྔ་དང་ལྔ་ཅུའི་གཞོན་སྐྱེས་ཚོགས་འདུ་འདི་ནི་རྒྱལ་སྤྱི་ཡོངས་ནས་བོད་དོན་ཐོག་ཕྱག་ལས་གནང་མྱོང་མཁན་བོད་ཀྱི་གཞོན་སྐྱེས་འདུ་བསྐོང་གིས། ཕན་ཚུན་བསམ་འཆར་བརྗེ་ལེན་དང་ཉམས་མྱོང་དང་ཤེས་ཡོན་བརྗེ་ལེན། དེ་བཞིན་བོད་ཀྱི་རང་དབང་འཐབ་རྩོད་དང་འབྲེལ་བའི་གོ་སྐབས་དང་དཀའ་ངལ་སྐོར་བགྲོ་གླེང་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཚོགས་འདུའི་མཛད་སྒོ་རུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་དང་། ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་འགྲུབ་ལགས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཕྱི་རྒྱལ་ཡུལ་གྲུ ༡༣ ནས་ཡོང་བའི་ལོ་༢༥་ནས་༣༥་བར་གྱི་གཞོན་སྐྱེས ༡༠༠་འཛོམས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎