བོད་མི་ན་གཞོན་ཚོས་བོད་མིའི་ངོ་བོ་སྲུང་སྐྱོབ་ཐུབ་སྐོར།
2011.09.26
༄༅༎རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་ནང་ཆགས་པའི་བོད་གཞུང་སློབ་གྲྭའི་སློབ་སྤྱི་མཐར་ལམ་སྒྲོལ་མ་ལགས་ཀྱིས་The Tibet Post International གསར་ལམ་ལ་ཤེས་ཡོན་དང་གཞོན་སྐྱེད་ཁྲོད་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་ཕྱོགས་སྐོར་གྱི་དགོངས་ཚུལ་གསུང་བཞག།
སློབ་སྤྱི་མཐར་ལམ་སྒྲོལ་མ་ལགས་ཀྱིས་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕུགས་རྒྱང་རིང་པོའི་དགོངས་གཞི་ཟབ་མོ་བཞེས་པའི་ཐོག་ནས་རྒྱ་གར་གཞུང་དང་མཉམ་འབྲེལ་གནང་བ་བརྒྱུད་བཙན་བྱོལ་ཁུལ་བོད་པ་ཁེར་གཙང་ལ་སློབ་ཁྲིད་བྱེད་སའི་སློབ་གྲྭ་མང་པོ་ཞིག་གསར་འཛུགས་གནང་སྟེ། ད་བར་སློབ་གྲྭ་དེ་ཚོའི་ནང་བོད་པའི་ཆོས་དང་རིག་གཞུང། སྐད་ཡིག་སོགས་མི་ཉམ་རྒྱུན་འཛིན་གང་ལེགས་གནང་ཐུབ་པ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་འདུག། དེ་བཞིན་སློབ་སྤྱི་མཐར་ལམ་སྒྲོལ་མ་ལགས་ཀྱིས་ བོད་པའི་སློབ་ཕྲུག་ཚོ་སློབ་མ་གཞན་དང་མི་འདྲ་བར་གང་ནུས་ཅི་ཐུབ་ཀྱི་བོད་དོན་བདེན་མཐའ་སེལ་ཐབས་སུ་འགན་འཁུར་ཆེ་ཙམ་ལེན་ཐུབ་རྒྱུར་སློབ་སྦྱོང་ཧུར་ཐག་བྱེད་དགོས་པའི་སྐོར་གསུངས་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་བོད་གཞུང་སློབ་གྲྭ་ཐོན་གནང་བའི་བཀའ་བློན་དང་སྤྱི་འཐུས་མང་པོ་ཞིག་ཡོད་སྐོར་གསུངས་བཞག།
ཡང་གོང་ཞུས་གསར་ལམ་དེས་ དེང་སང་བོད་པའི་སློབ་ཕྲུག་ན་གཞོན་ཚོས་ཆས་གོས་གྱོན་སྟངས་ལ་འགྱུར་བ་ཕྱིན་པ་དེས་ བོད་མིིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་གནོད་ཀྱི་ཡོད་མེད་སྐོར་དྲི་བ་ཞུས་པར་ སློབ་སྤྱི་མཐར་ལམ་སྒྲོལ་མ་ལགས་ཀྱིས་ འདས་པའི་ལོ་༡༥འི་ནང་བོད་པའི་སློབ་ཕྲུག་ཚོའི་ཆས་གོས་གྱོན་སྟངས་དང་སྤྱོད་ཚུལ་སྟོན་སྟངས་ལ་འགྱུར་བ་ཕྱིན་ཡོད་ནའང༌། དོན་དངོས་ནང་སེམས་དེ་བོད་པ་གཙང་མ་ཞིག་གནས་པའི་ཐོག་ནས་བོད་པའི་སློབ་ཕྲུག་ཚོ་ཕྱིའི་གཟུགས་པོའི་དཀའ་ངལ་དང་ནང་སེམས་ཀྱི་དཀའ་ངལ་གཉིས་ཀར་གདོང་ལེན་བྱེད་ཐུབ་པའི་ནུས་པ་ཡོད་པ་དང༌། རང་ཉིད་བོད་པ་ཡིན་པ་ནམ་ཡང་བརྗེད་ཀྱི་མེད་པའི་སྐོར་འགྲེལ་བརྗོད་གནང་བཞག། སློབ་སྤྱི་མཐར་ལམ་སྒྲོལ་མ་ལགས་ཀྱིས་ དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གི་ནང་ལོ་༣༥ཙམ་རིང་ཞབས་ཞུ་གནང་ཡོད་པ་དང༌། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་སློབ་གྲྭ་ཆེ་བའི་སློབ་སྤྱི་དེ་སྔོན་༢༠༠༣ནས་༢༠༠༥བར་གནང་ཡོད་པ་དང༌། དེ་རྗེས་ས་གནས་གཞན་དུ་གནས་སྤོས་བྱུང་རྗེས། ༢༠༡༠ལོར་མོན་གྷོ་སློབ་གྲྭ་ཆེ་བར་བསྐྱར་དུ་ཕེབས་ནས་ད་ཆ་སློབ་གྲྭ་དེའི་སློབ་སྤྱི་གནང་མུས་ཡིན་པ་རེད།