ཞི་ཅིན་ཕིན་བསྐྱར་དུ་ཆབ་སྲིད་ཀྱི་དབང་ཆ་བཟུང་ཚེ་རྒྱ་ནག་ནང་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པར། ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག

2022.10.16
ཞི་ཅིན་ཕིན་བསྐྱར་དུ་ཆབ་སྲིད་ཀྱི་དབང་ཆ་བཟུང་ཚེ་རྒྱ་ནག་ནང་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པར། ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠སྒོ་འབྱེད་ཀྱི་གཏམ་བཤད་སྐབས།
Reuters

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་༩༧གྱི་འཐུས་ཚབ་རྣམས་ཚང་འཛོམས་ཀྱིས། སྤྱི་ཟླ་༡༠པའི་ཚེས་༡༦ནས་བདུན་ཕྲག་གཅིག་ཙམ་གྱི་རིང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠བསྐོང་ཚོགས་བྱེད་བཞིན་པ་དང་། སྤྱིར་བཏང་རྒྱ་ནག་ནང་རྒྱལ་ཁབ་ཀྱི་སྲིད་འཛིན་ཐེངས་གཉིས་མ་གཏོགས་བསྡད་ཆོག་གི་མེད་ནའང་། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་ཐེངས་མ་གཉིས་བསྡད་གྲུབ་ཡོད་པ་མ་ཟད། ད་ལན་དམར་ཤོག་ཚོགས་པའི་ཚོགས་ཆེན་འདི་བརྒྱུད་ནས་ཁོ་པ་རྒྱ་ནག་གི་སྲིད་འཛིན་ལ་ཐེངས་གསུམ་པ་དེ་འདུག་རྒྱུར། ཧ་ལམ་ཚང་མས་ངེས་གཏན་གྱི་ཚོད་དཔག་གནང་གི་ཡོད་པས། ཐེ་ཝན་དང་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་དང་ས་མཚམས་རྩོད་རྙོག་ལ་ཉམས་ཞིབ་པ་སཱ་ནཱ་ཧ་ཤི་མི་(Sana Hashmi)ལགས་ནས། སྲིད་འཛིན་ཞི་ཅིན་ཕིན་གྱི་སྐབས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་ཇེ་རྩུབ་ཏུ་བཏང་ཡོད་པས། ཁོ་པས་བསྐྱར་དུ་དབང་ཆ་བཟུང་ཚེ་གནས་སྟངས་ཇེ་སྡུག་ཏུ་འགྲོ་ངེས་ཡིན་པ་འགྲེལ་བརྗོད་གནང་གི་འདུག

ཞི་ཅིན་ཕིན་གྱི་སྐབས་རྒྱ་ནག་ནང་དུ་བོད་དང་ཤིན་ཅང་གི་ཆོས་དད་རང་དབང་ཐོག་དྲག་གནོན་ཚབས་ཆེན་བྱེད་པ་དང་། ཧོང་ཀོང་དུའང་དྲག་གནོན་གྱི་སྲིད་ཇུས་ཤུགས་ཆེར་རྒྱུན་བསྟུད་དུ་བཟུང་བ་སོགས། ཅཱང་ཙེ་མིན་དང་ཧོས་ཅིན་ཐོ་ཡི་སྐབས་དེ་ཙམ་མཐོང་རྒྱུ་མེད་པར་བརྟེན། གལ་ཏེ་ཁོ་པས་ཐེངས་གསུམ་པའི་སྲིད་འཛིན་གྱི་གོ་གནས་བརྟན་པོ་བྱུང་ཚེ། དྲག་གནོན་གྱི་གནས་སྟངས་ཇེ་སྡུག་དང་ཚབས་ཇེ་ཆེར་འགྲོ་ཡི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག། ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས་ཀྱང་། ཞི་ཅིན་ཕིན་གྱིས་བོད་སོགས་ཀྱི་མི་རིགས་སྲིད་བྱུས་ཐབས་སྡུག་དེར་འགྱུར་བ་ཆེན་པོ་མི་འགྲོ་བ་མ་ཟད། རྒྱ་ནག་རྒྱལ་སྤྱི་དང་དེ་ཙམ་བསྟུན་མི་དགོས་པ་ཆགས་ན་བོད་ནང་སྲིད་བྱུས་ཇེ་སྡུག་ཇེ་མཁྲེགས་སུ་འགྲོ་ངེས་ཡིན་པ་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། ཞི་ཅིན་ཕིན་གྱིས་དབང་ཆ་བཟུང་བ་ནས་བོད་ཡིག་རྒྱ་ཡིག་ཏུ་བསྒྱུར་བ་དང་། བོད་ཕྲུག་ཚོ་བོད་ཀྱི་ཆོས་དང་རིག་གཞུང་དང་ཁ་བྲལ་བཏང་བ། འབྲོག་པ་གནས་སྤོས་དང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་སོགས་བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ཤུགས་ཆེ་ལག་བསྟར་བྱས་ཡོད་པས། ཁོ་རང་གིས་མ་འོངས་པར་དབང་ཆ་བཟུང་ན་མུ་མཐུད་སྲིད་བྱུས་དེ་ཚོ་ལག་བསྟར་བྱེད་རྒྱུ་གཏན་ཁེལ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་རྒྱ་གར་གྱི་བདེ་སྲུང་ཉམས་ཞིབ་པ་དང་དམག་དཔོན་ཟུར་པ་ཝི་ནཱ་ཡག་བྷ་ཊི་(Vinayak Bhat)ལགས་ནས་ཀྱང་། ཚོགས་ཆེན་འདི་ལས་ཞི་ཅིན་ཕིན་ལ་དབང་ཤུགས་ཇེ་ཆེར་འགྲོ་རྒྱུ་ཡིན་པ་དང་། ཁོ་པའི་ས་མཚམས་དང་དཔལ་འབྱོར་གྱི་སྲིད་ཇུས་སོགས་ཀྱིས། རྒྱ་གར་གྱི་ཁེ་ཕན་ལ་དོ་ཕོག་འགྲོ་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་དོན་དམིགས་བསལ་ཚོགས་ཆེན་འདི་བརྒྱུད་ནས་ཞི་ཅིན་ཕིན་གྱི་དབང་ཤུགས་ཇེ་ཆེར་འགྲོ་རྒྱུ་ཡིན་པ་མ་ཟད། ཁྱད་པར་ཁོ་རང་གི་སྲིད་ཇུས་ས་མཚམས་དང་བོད་ནང་། ཤར་ཏིར་ཀི་སི་ཏན་བཅས་སུ་དམ་དྲགས་ཆེ་རུ་བཏང་སྟེ། དམིགས་བསལ་རྒྱ་གར་གྱི་མཐའ་འཁོར་རྒྱལ་ཁབ་ཁག་ཏུ་དཔལ་འབྱོར་གནོན་ཤུགས་སྤྲད་དེ། རྒྱ་ནག་དམར་ཤོག་གི་ཤུགས་རྐྱེན་སྤེལ་ནས་རྒྱ་གར་ཐོག་རྣམ་འགྱུར་སྔར་དང་མི་འདྲ་བར་བསྟན་སྲིད་པ་སོགས་ཀྱིས། རྒྱ་གར་གྱི་ཁེ་ཕན་ལ་དོ་ཕོག་འབྱུང་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
2022-10-16T070219Z_1825792538_RC222X9CZIMV_RTRMADP_3_CHINA-CONGRESS (1).JPG

ཉི་མ་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཀྱང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་དང་གོམ་བགྲོད་ལས་འགུལ་ཅིག། བཞུགས་སྒར་རྡ་སྟེང་ནས་རྡ་ཤོད་བར་དུ་སྤེལ་ཡོད་ཅིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས། རྒྱ་ནག་གཞུང་གི་མགོ་དཔོན་སུ་སླེབས་ནའང་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཡི་མེད་པས། ཇི་སྲིད་བོད་རང་བཙན་མ་ཐོབ་བར་དུ་ང་ཚོས་ལས་འགུལ་རྣམ་འགྱུར་སྟོན་རྒྱུ་ཡིན་པ་སོགས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠སྒོ་འབྱེད་ཀྱི་གཏམ་བཤད་ནང་།“ཧོང་ཀོང་དང་ཨོ་མིན་ལ་ཚད་མཐོའི་རང་སྐྱོང་ལག་བསྟར་དང་ཐེ་ཝན་དང་གྲོས་མོལ་བྱེད་རྒྱུ་མ་གཏོགས། དྲག་ཤུགས་བེད་སྤྱོད་གཏོང་རྒྱུ་མིན་པ་སོགས་བཤད་ཡོད་ནའང་། ཐེ་ཝན་གྱི་ཁ་བྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་དང་། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་ཡར་རྒྱས་གཏོང་དགོས་པ། རྒྱ་ནག་དམར་ཤོག་ཚོགས་པའི་ཆོད་སེམས་དང་ལངས་ཕྱོགས་ལ་འགྱུར་བ་འགྲོ་མི་སྲིད་པ་དང་། ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་པ་དང་རྒྱལ་ནང་བདེ་འཇགས་དང་མཐའ་མཚམས་སྲུང་སྐྱོབ་སོགས་དང་འབྲེལ། དམག་ཤུགས་དང་མཚོན་ཆ་གསོག་འཇོག་ཡར་རྒྱས་སོགས་ཀྱང་ཤུགས་ཆེ་དགོས་པ་དང་། དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ཡོང་རྒྱུ་ནི་དྲག་པོའི་སྟོབས་ཤུགས་ཀྱི་རྒྱབ་རྟེན་ལ་རག་ལས་པའི་”རྣམ་པ་གསལ་སྟོན་གྱི་ཚིག་བརྗོད་མང་དུ་ཐོན་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎