ནད་ཡམས་སྐབས་བོད་ནང་རྒྱ་ནག་གིས་འཐུས་ཤོར་བཏང་བར་བོད་མིའི་སྒྲིག་འཛུགས་ཀྱིས་བློ་ཕམ་ཡོད་ཟེར།

2022.09.19
ནད་ཡམས་སྐབས་བོད་ནང་རྒྱ་ནག་གིས་འཐུས་ཤོར་བཏང་བར་བོད་མིའི་སྒྲིག་འཛུགས་ཀྱིས་བློ་ཕམ་ཡོད་ཟེར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས།
CTA

བོད་ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཚོད་འཛིན་ཐད་འཐུས་ཤོར་སོང་ནས་བོད་མི་ཚོས་དཀའ་སྡུག་ཤུགས་ཆེར་མྱོང་བཞིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་སྐྱེ་དང་བློ་ཕམ་ཡོད་པ་གསུངས་བྱུང་།
སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༨པའི་འགོ་སྟོད་ཙམ་ནས་བོད་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་ནས། ད་བར་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུའི་ནང་ནད་དུག་ཕོག་པའི་ནད་པའི་གྲངས་འབོར་ནི་༡༧༢༠༠ལྷག་ཟིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ལྷ་སའི་ཁུལ་དུ་ནད་ཡམས་སྔོན་འགོག་ཚོད་འཛིན་ཐད་འཐུས་ཤོར་ཕྱིན་ཡོད་པར་འབྲེལ་ཡོད་འགོ་ཁྲིད་ཀྱིས་མང་ཚོགས་ལ་དགོངས་དག་ཞུས་འདུག བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། རྒྱ་ནག་གཞུང་གིས། ནད་ཡམས་གཙང་སེལ་ཟེར་བའི་མིང་ཐོག་ནས་ནད་དུག་འགོས་ཡོད་མིན་ལ་མ་བལྟོས་པར་བོད་མི་མང་པོ་ཞིག་ར་ལུག་བཅུག་པ་སྣང་བཞིན་མཐུན་རྐྱེན་ཞན་པའི་ཁང་པའི་ནང་ཟུར་བཀག་ཏུ་བཞག་སྟེ། ནད་དུག་ཕོག་པའི་བོད་མི་ཚོར་སྨན་བཅོས་ཞན་པ་དང་། དུས་ཐོག་ཟས་རིགས་མེད་པ་སོགས་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་ཡོད་པར་བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་སྐྱེ་དང་མཉམ་བློ་ཕམ་ཡོད་པ་གསུང་བྱུང་།
དཔེར་ན། ཉེ་ལམ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་བོད་ནང་བོད་མི་གསུམ་འདས་གྲོངས་སུ་ཕྱིན་ཡོད་པ་དེ་དག་དུས་ཐོག་སྨན་པར་བསྟེན་གཏུག་དང་སྨན་བཅོས་སོགས་ཐོབ་མི་འདུག་ལ། དེའི་ནང་ནས་གཞིས་ཀ་རྩེ་ནས་ཡིན་པ་འདས་གྲོངས་སུ་ཕྱིན་པའི་བོད་མི་དེའི་ཕུང་པོ་རྒྱ་ནག་གཞུང་གིས་དུར་མཇུག་བྱེད་མ་བཅུག་པར། ཉིན་མཚན་དྲུག་རིང་ཁོང་གི་བཟའ་ཟླ་དང་མཉམ་དུ་ཁྱིམ་དུ་བཅུག་སྟེ་བཞག་ཡོད་འདུག
སྤྱི་ཟླ་༩པའི་ཚེས་༡༧ཉིན་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་དགྲ་འདུལ་གྱིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་སུ། ལས་དོན་ཐད་གྲ་སྒྲིག་ཡག་པོ་བྱུང་མེད་པ་དང་། འཇོན་ནུས་ཆེན་པོ་མེད་པ། ཁ་གཏད་གཅོག་ནུས་མི་འདང་བ། ལག་བསྟར་བྱེད་ཤུགས་མི་འདང་བ། དེ་བཞིན་མང་ཚོགས་ཀྱིས་བཏོན་པའི་རེ་བ་དང་དཀའ་གནད་དུས་ཐོག་ཏུ་སེལ་ཐུབ་མེད་པ་སོགས་ཀྱི་ཞན་ཆ་མང་པོ་མངོན་ཡོད་པས། ངས་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས། མང་ཚོགས་ལ་སེམས་གཏིང་ནས་དགོངས་དག་ཐུགས་བདེན་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག
བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། རྒྱ་ནག་གཞུང་གིས་ནད་དུག་སྔོན་འགོག་ཚོད་འཛིན་ཐད་འཐུས་ཤོར་ཕྱིན་པར་དགོངས་སེལ་ཞུས་པ་དེ་ནི་འཁྲབ་སྟོན་ཙམ་ཡིན་པ་ལས། བཟང་ཕྱོགས་ཀྱི་ཐོག་ནས་དགོངས་དག་ཞུས་པ་ཞིག་མིན་པ། དོན་དངོས་ཐོག་རྒྱ་ནག་གཞུང་འུབས་སུ་མི་འདུས་པར་མི་མང་ལ་དགོངས་སེལ་ཞུ་དགོས་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ད་ལྟའི་ཆར་ལྷ་སའི་ཁུལ་དུ་བོད་མི་རྣམས་མུ་མཐུད་དུ་ཁྱིམ་སྡོད་བཀའ་རྒྱའི་འོག་གནས་ཡོད་པ་མ་ཟད། དེའི་ཁུལ་དུ་རྒྱ་ནག་གཞུང་གིས་ཁྱིམ་སྡོད་བཀའ་རྒྱ་བཏང་ནས་འདི་ཚེས་༡༩བར་ཉིན་གྲངས་༣༧ཙམ་ཕྱིན་ཡོད་པ་རེད།
གཞན་ཡང་རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༢༠པ་དེ་སྤྱི་ཟླ་༡༠ པའི་༡༦ཉིན་རྒྱ་ནག་པེ་ཅིང་དུ་འཚོགས་གཏན་འཁེལ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཚོགས་ཆེན་དེ་དང་བསྟུན། ཞི་ཅིན་ཕིང་རང་ཉིད་སླར་ཡང་སྲིད་འཛིན་དུ་འདུག་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དང་ཚོགས་ཆེན་དེ་གཉིས་བར་འབྲེལ་བ་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད། གང་ལྟར་བོད་ཀྱི་གནད་དོན་མ་སེལ་བར་དུ་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་ཐོག་ནས་དཀའ་ངལ་འཕྲད་ཀྱི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎