སློབ་དཔོན་ སྦེ་རི་ སོའཊི་མཎ་ (Barry Sautman) གྱིས་༧གོང་ས་མཆོག་གི་ཡང་སྲིད་སྐོར་བསམ་ཚུལ་བརྗོད་པ་འདི་རྒྱ་གཞུང་གི་ལྟ་བ་དྲིལ་བསྒྲགས་བྱས་པ་ཞིག་རེད་འདུག་ཅེས་བརྗོད་བྱུང་།

2024.09.23
སློབ་དཔོན་ སྦེ་རི་ སོའཊི་མཎ་ (Barry Sautman) གྱིས་༧གོང་ས་མཆོག་གི་ཡང་སྲིད་སྐོར་བསམ་ཚུལ་བརྗོད་པ་འདི་རྒྱ་གཞུང་གི་ལྟ་བ་དྲིལ་བསྒྲགས་བྱས་པ་ཞིག་རེད་འདུག་ཅེས་བརྗོད་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས།
CTA

རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་པ་སློབ་དཔོན་ སྦེ་རི་ སོའཊི་མཎ་ (Barry Sautman) གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐད་ལ་བོད་ནང་ནས་དེ་ཙམ་གྱི་དོ་འཁུར་བྱེད་མཁན་ཡོད་མ་རེད་ཅེས་བརྗོད་ཀྱང་།  བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས།  བོད་ནང་དུ་བོད་མི་ཚོར་༧གོང་ས་མཆོག་གི་སྐུ་པར་ཉར་རྒྱུའི་མཚོན་པའི་དད་མོས་ཀྱི་རང་དབང་སྤྲད་ན།  བོད་ནང་ནས་དད་མོས་ཇི་ཙམ་ཡོད་པ་གསལ་རྟོགས་ཡོང་གི་རེད་ཅེས་བརྗོད་བྱུང་།



༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན།

རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་ཉམས་ཞིབ་པ་ཧོང་ཀོང་ཚན་རིག་དང་འཕྲུལ་ལས་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་སྡེ་ཚན་གྱི་སློབ་དཔོན་ཟུར་པ་དང་།  རྒྱ་ནག་གི་ཚིང་ཧུའ་ (Tsinghua) གཙུག་ལག་སློབ་ཆེན་དུ་སློབ་དཔོན་གྱི་ལས་འཁུར་ཞུ་བཞིན་པ་ སྦེ་རི་ སོའཊི་མཎ་ (Barry Sautman) གྱིས་ལྷོ་རྒྱ་ནག་གི་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཁང་གི་བཅར་འདྲིའི་སྐབས། གལ་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་༧གང་ཉིད་ཀྱི་༧སྐུའི་ཡང་སྲིད་བདམས་ཚེ་རྒྱ་ནག་གིས་དེ་ལ་ཁ་གཏད་གཅོག་ངེས་རེད་ཅེས་དང་། ཏཱ་ལའི་བླ་མ་སྐུ་འཚོ་ཞིང་མ་བཞེད་པའི་དུས་སྐབས་སུ་བོད་ཀྱི་གནད་དོན་དེ་ལྷག་གི་མ་རེད་ཅེས་བརྗོད་འདུག་པ་མ་ཟད།   བོད་ནང་བོད་པའི་བླ་སྤྲུལ་གྱི་ཡང་སྲིད་མང་པོ་ཡོད་པས།  དེ་དག་གིས་རྒྱ་ནག་གཞུང་ལ་བློ་གཏད་ཉན་འཇོག་བྱེད་ཀྱི་ཡོད་པ་ལས།  ཡོངས་ཁྱབ་མངོན་གསལ་དོད་པོའི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དད་མོས་ཀྱི་རྣམ་པ་བསྟན་གྱི་ཡོད་མ་རེད་ཅེས་བརྗོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་རིགས་ཀྱི་མཚོན་རྟགས་ཡིན་པ་དང་། བོད་མི་རིགས་ཀྱི་ཁོག་པའི་སྙིང་ལྟ་བུ་ཡིན་པ་རྒྱ་ནག་གཞུང་གིས་ཤེས་དགོས། ད་རེས་སྦེ་རི་ སོའཊི་མཎ་ (Barry Sautman) གྱིས་བཤད་པའི་སྐད་ཆ་དེ་དག་བདེན་པ་མིན་པས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དང་པོ་རྒྱ་ནག་གཞུང་གིས་བོད་ནང་རང་དབང་སྤྲོད་དགོས་པ་དང་། བོད་མི་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་སྐུ་པར་སོགས་ཉར་ཆོག་པའི་རང་དབང་སྤྲད་ན་དེ་ནས་གསལ་པོ་ཆགས་ཐུབ་རྒྱུ་ཡིན་པ་སོགས་འགྲེལ་བརྗོད་གནང་བྱུང་།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ཟུང་སྦྲེལ་འགན་འཛིན་མ་ཡ་ཝང་ (Maya Wang) ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་སྒྱུར་མཛད་པའི་རྗེས་༧གང་ཉིད་ཀྱི་སྐུ་དབང་དང་ཐུགས་འགན་བཞེས་པའི་རྣམ་པ་ཙམ་ཡང་བོད་ནང་མངོན་རྒྱུ་མེད་པ་རྒྱ་ནག་གཞུང་གིས་བཟོ་ཐབས་བྱེད་ཡོད་པ་རེད་ཅེས་བརྗོད་བྱུང་། 


བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་དང་འབྲེལ་བའི་ཐད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧གང་ཉིད་ཀྱིས་ལམ་འཕྲལ་གསལ་བསྒྲགས་མ་གནང་ན་རྒྱ་ནག་གཞུང་གི་བྱེད་ཐབས་ལ་ཐེ་ཚོམ་བཟོ་རྒྱུ་ཞིག་ཡིན་པ་གསུངས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་རྒྱ་གར་གྱི་མང་ཚོགས་ནས་དད་དམ་གཡོ་བ་མེད་པར་བློ་གཏད་བཅོལ་ས་ཞིག་ཡིན་པས།  རྒྱ་གར་གཞུང་གིས་འདིའི་ཐད་འགན་འཁུར་བླངས་ཏེ་ཁྲིམས་ཡིག་སོགས་གཏན་འབེབས་གནང་སྟེ་རྒྱབ་སྐྱོར་ཞུ་རྒྱུ་གལ་ཆེ་ཡིན་པ་དང་།  འདི་བརྒྱུད་རྒྱ་གར་གྱི་ས་མཚམས་གནད་དོན་ཐོག་ལའང་ཕན་ནུས་ཀྱི་འབྲེལ་བ་ཞིག་རང་བཞིན་གྱི་ཡོད་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་མ་འོངས་སྐུའི་ཡང་སྲིད་འདི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆཽག་༧གང་ཉིད་ཀྱིས་ངོས་འཛིན་གནང་རྒྱུ་ལས།  རྒྱ་ནག་གཞུང་སོགས་ཀྱིས་ངོས་འཛིན་བྱེད་རྒྱུའི་བདག་དབང་མེད་པ་གསལ་བསྒྲགས་མཛད་ཡོད་ལ།  ཨ་མི་རི་ཀའི་གྲོས་ཚོགས་དང་གཞུང་གིས་ངོས་ནས་ཁྲིམས་ཡིག་ S138 གཏན་འབེབས་ཀྱིས་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་༧སྐུའི་ཡང་སྲིད་ལ་ཐེ་བྱུས་བྱས་ན་དེར་གདོང་ལེན་གནང་རྒྱུ་ཡིན་པ་གསལ་ཡོད་པ་དང་། ཁེ་ན་ཌའི་གྲོས་ཚོགས་སུ་འདི་འབྲེལ་གྱི་གྲོས་ཆོད་གཏན་འབེབས་ཀྱང་གནང་ཡོད་པ་རེད།

བོད་ནང་གི་གཏན་འཇགས་སློབ་གྲྭ་དང་རྒྱ་ནག་གཞུང་གི་སྲིད་བྱུས།

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཧོང་ཀོང་ནང་གནས་སྡོད་སློབ་དཔོན་སྦེ་རི་ སོའཊི་མཎ་ (Barry Sautman)་གྱིས་བཅར་འདྲིའི་ལན་འདེབས་གནང་པའི་ནང་བོད་ཀྱི་སྐོར་ལ་མང་པོ་ཞིག་བཤད་འདུག་པར་བལྟོས་ན། ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་བཞིན་པ་གསལ་པོ་རེད་ཅེས་དང་།  ལྷག་པར་ཁོང་གིས་བོད་ནང་དུ་བོད་པའི་ཕྲུ་གུ་ཚོར་བོད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་ཚུལ་བཤད་འདུག་མོད། རྒྱ་ནག་གཞུང་གིས་བོད་ནང་སྒེར་དང་ཚོགས་པ། དགོན་སྡེ་སོགས་ཀྱིས་བཙུགས་པའི་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་པ་དང་། བོད་ཕྲུག་ཚོ་རང་དབང་མེད་པར་རྒྱ་ནག་གཞུང་གིས་བཙུགས་པའི་གཏན་འཇགས་་སློབ་གྲྭར་འཇུག་བཞིན་པ། གཏན་འཇགས་་སློབ་གྲྭའི་ནང་རྒྱའི་སྐད་ཡིག་དང་། རིག་གཞུང་སློབ་ཁྲིད་དང་མཉམ་བོད་པའི་སྐད་དང་ཡིག་གེར་མཐོང་ཆུང་དང་རྩ་གཏོར་གཏོང་བའི་སྲིད་ཇུས་སྤེལ་བཞིན་པ་ནི་གསལ་པོ་ཡིན་པ་དང་། བོད་ནང་རྒྱ་ནག་གཞུང་གིས་གཉེར་བའི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་ཚུལ་བཞིན་སྦྱོང་བཅུག་གི་ཡོད་ལུགས་སྐོར་བྲིས་པ་དེ་དག་བདེན་པ་མ་རེད་ཅེས་གསུངས་བྱུང་།


སློབ་དཔོན་སྦེ་རི་ སོའཊི་མཎ་ (Barry Sautman) གྱིས། རྒྱ་ནག་གཞུང་གི་དམིགས་ཡུལ་ནི་གྲངས་ཉུང་མི་རིགས་ཀྱི་སློབ་མ་སྔར་ལས་མང་བ་ཞིག་གསོ་སྐྱོང་བྱ་རྒྱུ་དང་། ལྷག་པར་དུ་ཤིན་ཅང་དང་བོད་ནས་ཡོང་བའི་སློབ་མ་རྣམས་དམིགས་ཡུལ་གཙོ་བོ་འཛིན་གྱི་ཡོད་པ་རེད། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་མི་འབོར་ད་དུང་གྲོང་གསེབ་ཁུལ་དུ་གནས་ཡོད་པ་དང་། ས་ཁུལ་དེ་དག་གི་ནང་དབུལ་ཕོངས་དང་ཤེས་ཡོན་གྱི་གནས་ཚད་དམའ་བའི་མི་འབོར་མང་པོ་ཞིག་ཡོད། དེར་བརྟེན། ས་ཁུལ་དེ་དག་གི་ནང་དུ་གྲངས་ཉུང་མི་རིགས་ཀྱི་མི་མང་པོ་ཞིག་མཐོ་སློབ་ལ་སོང་ནས་སྦྱོང་བརྡར་ཐོབ་སྟེ། ཕྱིར་སོ་སོའི་ས་ཁུལ་དུ་ཡོང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ཐད་ལ་རོགས་རམ་བྱེད་དགོས་པ་རེད་ཅེས་དང་། རྒྱ་ནག་གིས་ཡུལ་ལུང་འགའ་ཤས་སུ་མི་རྣམས་ལ་རང་གི་ཕ་སྐད་སློབ་ཁྲིད་བྱེད་པའི་ལས་འཆར་མུ་མཐུད་ནས་ཡོད་པ་རེད། དཔེར་ན། བོད་དང་ཤིན་ཅང་ཁུལ་གྱི་གཏན་སློབ་མང་པོ་ཞིག་གི་ནང་། བོད་པ་དང་ཡུ་གུར་གྱི་སློབ་མ་ཚོར་གཟའ་འཁོར་རེར་ཆུ་ཚོད་བཞི་ལྔའི་རིང་བོད་སྐད་དང་ཡུ་གུར་གྱི་སྐད་སྦྱོང་གི་ཡོད་ཅེས་བརྗོད་ཡོད་པ་རེད།  སློབ་དཔོན་སྦེ་རི་ སོའཊི་མཎ་ (Barry Sautman) གྱིས་བོད་ནང་བོད་པའི་ཕྲུ་གུ་ཚོར་གཏན་འཇགས་སློབ་གྲྭའི་ནང་བོད་ཡིག་སློབ་ཁྲིད་བྱེད་ཀྱི་་ཡོད་པ་བརྗོད་ཡོད་ཅིང་།  དེའི་གྲུབ་བྱེད་དུ་གཏན་འཇགས་སློབ་གྲྭའི་ནང་བོད་ཕྲུག་ཚོར་གཟའ་འཁོར་གཅིག་ནང་ཆུ་ཚོད་ ༤།༥ ཙམ་གྱི་སློབ་འཁྲིད་བྱེད་ཀྱི་ཡོད་པ་བརྗོད་འདུག


ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་གི་ཉམས་ཞིབ་པ་ མ་ཡ་ ཝང་ (Maya Wang) ལགས་ཀྱིས། བོད་ནང་དུ་གཏན་འཇགས་སློབ་གྲྭ་ཁག་ནང་སོ་སོའི་སྐད་ཡིག་ཚུལ་བཞིན་མ་བསླབ་པ་འདི་ནི་རང་གི་རིག་གཞུང་གི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་པ་ཞིག་ཆགས་ཀྱི་ཡོད་རེད་ཅེས་མ་ཡ་ཝང་ལགས་ཀྱིས་གསུངས་བྱུང་།  དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ཀྱིས། རྒྱ་ནག་གཞུང་གིས་གཉེར་བཞིན་པའི་གཏན་འཇགས་སློབ་གྲྭའི་ནང་དུ་བོད་ཕྲུག་ཚོར་གཟའ་འཁོར་གཅིག་ནང་ཆུ་ཚོད་ ༥ ཙམ་ལས་བོད་ཡིག་ཁྲིད་སྦྱོང་བྱེད་ཀྱི་མེད་པ་འདིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉར་ཚགས་བྱེད་རྒྱུར་འདང་ངེས་ཤིག་མ་རེད་ཅེས་བརྗོད་བྱུང་།

ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་ཁུལ་གྱི་རྒྱ་རིགས་འབྲེལ་མཐུད་པ་དང་། བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། བོདནང་གཏན་འཇགས་སློབ་གྲྭ་མང་པོ་ཡོད་པ་རེད། གཅིག་བྱས་ན་སློབ་གྲྭ་དམིགས་བསལ་དེ་འདྲ་ཡོད་སྲིད། གང་ལྟར་ཁོང་གིས་བཤད་པ་དེ་དག་དངོས་ཡོད་གནས་ཚུལ་དང་འགལ་ཡོད་རེད་པ་གསལ་པོ་རེད་ཅེས་དང་། སྤྱིར་སློབ་དཔོན་སྦེ་རི་ སོའཊི་མཎ་ (Barry Sautman) གྱིས་བཀའ་མོལ་དེ་ཁོ་རང་གི་ལྟ་བ་ཡིན་ཡང་ནང་དོན་མང་ཆེ་བ་རྒྱ་ནག་གཞུང་གིས་བཤད་བཞིན་པ་དེ་དག་བསྐྱར་བཟློས་བྱས་བ་ལས་དམིགས་བསལ་གང་ཡང་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཁོང་གིས་ད་དུང་། སློབ་དཔོན་སྦེ་རི་ སོའཊི་མཎ་ Barry Sautman གྱིས་བཤད་པའི་སྐད་ཆ་འདིས་བོད་ནང་གི་བོད་པའི་སློབ་ཕྲུག་ཚོར་བོད་པའི་ཕ་སྐད་སློབ་ཁྲིད་བྱེད་པའི་མཐུན་རྐྱེན་ཆ་ཚང་སྤྲོད་ཀྱི་ཡོད་ཚུལ་བདེན་དཔང་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་བྱུང་།

འདས་པའི་ལོ་ཤས་རིང་བོད་ཀྱི་ས་ཁུལ་མང་པོའི་ནང་དགོན་སྡེ་གྲྭ་ཚང་ཁག་ཏུ་བོད་པའི་བྱིས་པ་ཆོས་ཞུགས་བྱེད་རྒྱུར་ཚོད་འཛིན་དམ་དྲག་བྱས་ཤིང་།  གནའ་བོའི་ལོ་ངོ་བརྒྱ་ཕྲག་མང་པོའི་ཤུལ་བཞག་གི་དགོན་པ་ཁག་མང་དག་ཅིག་ཆུ་མཛོད་འཛུགས་སྐྲུན་གྱི་མིང་ཐོག་ནས་གནས་སྤོ་བྱས་བཅུག་སྟེ་ཤུལ་ཙམ་ཡང་མཇལ་རྒྱུ་མེད་པར་ཆུའི་ནང་དུ་བསྣུབས་པ་སོགས་བྱུང་ཡོད་པ་རེད།།



གསར་འགོད་པ། མཁའ་འགྲོ་གཡང་འཛོམས། བདེ་སྐྱིད་ཀུན་སྒྲོལ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎