༧གོང་ས་མཆོག་གིས་བོད་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་དཀའ་སྡུག་སེལ་ཐབས་སུ་ཐུགས་སྨོན་མཛད་འདུག
དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་དཀའ་ངལ་ཆེ་བའི་སྐབས་འདིར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་གནས་སྟངས་རྣམས་མཁྱེན་ཆུབ་དང་མཉམ། ནད་ཡམས་སྐབས་བོད་མི་ཚོས་མྱོང་བཞིན་པའི་སེམས་ཀྱི་དཀའ་སྡུག་དང་ཞེད་སྣང་དངངས་སྐྲག་གི་སྡུག་བསྔལ་རྣམས་སེལ་ཐབས་སུ་ཐུགས་སྨོན་མཛད་པ་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། དེ་བཞིན་ཏོག་དབྱིམས་རིམས་ནད་རྒྱ་ནག་ནས་འཛམ་གླིང་གང་སར་འགོས་ཁྱབ་ཕྱིན་པའི་སྐབས་ནས་སྤྱི་ནོར་༧གོང་ས་མཆོག་གིས་སྒྲོལ་མའི་གཟུངས་སྔགས་གང་མང་གསོག་དགོས་བའི་བཀའ་སློབ་ཕེབས་དོན་བཞིན་དུས་སྐབས་འདིར་སྒྲོལ་མའི་གཟུངས་སྔགས་གང་མང་གསོག་གལ་ཆེ་བ་གསུངས་བྱུང་།
དེ་བཞིན་བོད་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་འདིར་བོད་མི་སྒྲིག་འཛུགས་ཀྱིས་བློ་ཚབས་གནང་བ་མ་ཟད། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གདན་ས་གྲྭ་ཚང་སྤྱི་དང་། ལྷག་པར་བྷེ་ལ་ཀོ་པི་སེར་བྱེས་མཁས་སྙན་གྲྭ་ཚང་གིས་བློ་ཚབས་དང་སྦྲགས་གདུང་སེམས་མཉམ་སྐྱེད་ཆེད་གྲྭ་ཚང་དེའི་མཁན་བླ་དགེ་འདུན་འདུས་མང་ནས་ཟླ་བ་འདིའི་ཕྱི་ཚེས་༢༡ཉིན་བོད་ནང་དུ་ནད་ཡམས་དེ་མགྱོགས་མྱུར་ཞི་ཐབས་སུ་སྒྲོལ་མའི་བསྟོད་པ་དང་། གཟུངས་སྔགས་སོགས་ཞབས་རིམ་ཁག་གསོག་སྒྲུབ་ཀྱིས་ཐུགས་སྨོན་སྐྱབས་འཇུག་ཞུ་བཞིན་ཡོད་པ་ཕྱག་མཛོད་དགེ་བཤེས་ངག་དབང་རིག་གྲོལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་འདི་ཚེས་༢༣ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་གདན་ས་འབྲས་སྤུང་བླ་སྤྱི་རུ་འབྲས་སྤུངས་བློ་གསལ་གླིང་དང་། སྒོ་མང་གྲྭ་ཚང་གཉིས་ཀྱི་མཁན་བླ་དགེ་འདུན་པ་རྣམས་ལྷན་འཛོམས་ཀྱིས་བོད་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་མགྱོགས་མྱུར་ཞི་ཐབས་སུ་སྒྲོལ་མའི་བསྟོད་པ་དང་གཟུངས་སྔགས། དེ་བཞིན་སྨན་གཟུངས་སོགས་གསོག་སྒྲུབ་གནང་གི་ཡོད་པ་འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་དགེ་བཤེས་ཡོན་ཏན་ཕུན་ཚོགས་ལགས་ཀྱི་ངོ་སྤྲོད་གནང་བྱུང་།
ཉེ་བའི་ཉིན་ཤས་ནང་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༢༣ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༥༨༩༢ཟིན་འདུག
གསར་འགོད་པ། གཡུ་སྒྲོན། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།