རྒྱ་ནག་གི་གྲོང་ཁྱེར་མང་པོའི་སློབ་ཆེན་བརྒྱ་ལྷག་གི་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

དེ་ཡང་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་གྱི་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་ལ་ནུས་བ་མ་ཐོན་པར་དེང་སྐབས་མི་རྣམས་ཐབས་ཟད་འུ་ཐུག་པ་དང་། ལྷག་པར་དུ་ཁྱིམ་སྡོད་བཀག་རྒྱའི་དམ་དྲག་ཁྲོད་ཤར་ཏུར་ཀིསུ་ཐན་གྱི་རྒྱལ་ས་ཨོ་རོམ་ཆི་(Urumqi)་རུ་སྡོད་གནས་ཐོག་ཁང་ཞིག་ལ་མེ་སྐྱོན་ཤོར་སྐབས་དུས་ཐོག་མྱུར་སྐྱོབ་མ་ཐུབ་པར་ཉུང་མཐའ་ཡང་མི་བཅུ་ཡི་ཚེ་སྲོག་ཤོར་བའི་དོན་རྐྱེན་དེ་ནི་མི་མང་གིས་ངོ་རྒོལ་བྱེད་རྒྱུའི་སྣ་འདྲེན་དུ་སོང་ནས། ཟླ་༡༡ པའི་ཚེས་༢༥ཉིན་ཨོ་རོམ་ཆི་གྲོང་ཁྱེར་དུ་ངོ་རྒོལ་བྱས་རྗེས། ཚེས་༢༦གི་མཚན་མོར་ཧྲང་ཧེ་གྲོང་ཁྱེར་དུ་ངོ་རྒོལ་བྱེད་མཁན་ཚོས་ཞི་ཅིན་ཕིང་གོ་ས་ནས་མར་ཕོབས་ཅེས་སྐད་འབོད་བྱས་ཡོད་པ་དང་། ཚེས་༢༧ཉིན་རྒྱ་ནག་གྱི་གྲོང་ཁྱེར་མང་པོའི་ནང་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོས་ལངས་ཡོད་པ་རེད།
ཚེས་༢༧རེས་གཟའ་ཉི་མའི་མཚན་མོར་ཧྲང་ཧེ་མི་མང་སྟོང་ཕྲག་མང་པོས་ཡང་བསྐྱར་ངོ་རྒོལ་བྱས་ཡོད་པ་དང་། ཁོང་ཁྲོ་ལངས་ཡོད་པའི་མི་མང་གིས་ཚེས་༢༦ གི་མཚན་མོར་ངོ་རྒོལ་སྐབས་འཛིན་བཟུང་བྱས་པའི་མི་རྣམས་གློད་བཀྲོལ་གཏོང་དགོས་ཞེས་སྐད་འབོད་བྱས་པ་དང་། མི་ཚོགས་ཁྲོད་བུད་མེད་ཅིག་གིས་ཚོགས་ཆེན་ཉི་ཤུ་པ་མ་འཚོགས་གོང་པེ་ཅིང་སི་ཐོན་ཟམ་པའི་སྟེང་ངོ་རྒོལ་བྱེད་མཁན་ཕིང་ལེ་ཧྥ་ཡི་འབོད་ཚིག་སྒྲོག་སྦྱང་བྱས་རྗེས། ངོ་རྒོལ་བ་ཚོས་ཞི་ཅིན་ཕིང་གནས་དབྱུང་གཏོང་དགོས། ཞི་ཅིན་ཕིང་གོ་ས་ནས་མར་ཕོབས་ཞེས་སྐད་འབོད་བྱས་འདུག
དེ་དང་ཕྱོགས་མཚུངས་པེ་ཅིང་ཆིན་ཧྭ་སློབ་ཆེན་གྱི་སློབ་མ་སྟོང་ལ་ཉེ་བས་རེས་གཟའ་ཉི་མའི་ཉིན་དམངས་གཙོ་ཁྲིམས་སྐྱོང། རང་དབང་འདྲ་མཉམ་ཅེས་སྐད་འབོད་ངོ་རྒོལ་བྱས་ཡོད་པ་དང་། དེ་མིན་ཝུ་ཧན་དང་ནན་ཅིན། ལན་ཀྲོའུ། ཁྲོན་ཆིན། ཁྲིན་ཏུའུ་སོགས་གྲོང་ཁྱེར་མང་པོའི་ནང་རྒྱ་ནག་གི་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་དང་དམ་དྲག་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་འདུག
ཡང་དེ་མཚུངས་སུ་རེས་གཟའ་ཉི་མའི་མཚན་མོར་བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་གྱི་མི་མང་ཚོ་སྲང་ལ་ཐོན་ནས་ཟླ་བ་ནས་ཟླ་བ་བར་བཀག་བསྡོམས་བྱས་པར་ངོ་རྒོལ་བྱས་ཡོད་པ་རེད།
ཕྱི་ཚེས་༢༨ཉིན་རྒྱ་ནག་གི་དབང་འཛིན་པ་ཚོས་གཟའ་མཇུག་བྱུང་བའི་རྒྱ་ནག་ནང་གི་ངོ་རྒོལ་དེ་བཞིན་ཕྱིའི་སྟོབས་ཤུགས་ཀྱིས་བརྒྱུད་སྐུལ་བྱས་ནས་བྱུང་བ་ཞིག་ཡིན་སྐོར་བཤད་བཞིན་པ་དང་། དེ་དང་མཉམ་དུ་ངོ་རྒོལ་ལས་འགུལ་བྱུང་ཡུལ་སློབ་ཆེན་ཁག་གི་སློབ་མ་ཚོ་རང་ཁྱིམ་དུ་ཕྱིར་ལོག་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ཕྱིར་ལོག་པར་དམིགས་བསལ་མེ་འཁོར་རི་ལི་སཔགས་གོ་སྒྲིག་བྱས་ཡོད་པ་བསྒྲགས་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། གཟའ་ཉི་མའི་ཉིན། རྒྱ་ནག་གི་ཤེས་རིག་ལྷན་ཁང་གིས་ཛ་དྲག་གིས་ཚོགས་འདུ་ཞིག་འདུ་བསྐོང་བྱས་ནས་རྒྱལ་ཡོངས་སུ་ཡོད་པའི་མཐོ་སློབ་ཁག་གི་དབུ་འཛིན་དང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་རྣམ་པར་ཕྱིའི་སྟོབས་ཤུགས་ཀྱིས་རྒྱ་ནག་ནང་ཐེ་ཇུས་ཡོང་བཞིན་པ་འགོག་རྒོལ་བྱེད་དགོས་ཡོད་པའི་སྐུལ་མ་གནང་ཡོད་འདུག་ལ། དེ་ནི་འདས་མ་ཐག་པའི་གཟའ་མཇུག་ཏུ་རྒྱ་ནག་གི་གྲོང་ཁྱེར་ཁག་༡༨ཙམ་ནས་སློབ་ཆེན་༡༠༣ཙམ་གྱི་སློབ་མ་སྟོང་ཚོ་མང་པོས་གཞུང་ལམ་དང་སློབ་ཆེན་གྱི་རྭ་བའི་ནང་ངོ་རྒོལ་ལས་འགུལ་སྤེལ་རྗེས་ཡིན་པ་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ལྷ་སར་འབྲེལ་བ་ཞུས་པའི་སྐབས་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་ན། ལྷ་སའི་མི་མང་ཚོས་ད་རེས་ཐོག་མར་ཤིན་ཅང་ནང་དམ་དྲག་སྐབས་མེ་སྐྱོན་བྱས་ནས་ཉུང་མཐར་བཅུ་ལྷག་གི་ཚེ་སྲོག་ཤོར་བ་དང་འབྲེལ་ས་གནས་མང་པོར་ས་གནས་མི་མང་ཚོས་དཔའ་ངར་ཆེན་པོས་གཞུང་གི་ནད་ཡམས་སྔོན་འགོག་གི་ཁྱིམ་བསྡོད་ཟུར་བཀག་འཕྲལ་དུ་གློད་བཀྲོལ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་བའི་གནས་ཚུལ་གང་མཚམས་སྤྱི་ཚོགས་དྲ་རྒྱའི་ཐོག་ནས་གསལ་པོ་མཐོང་རྒྱུ་ཡོད་དུས། རྒྱ་ནག་གིས་གྲངས་ཉུང་མི་རིགས་ཟེར་བའི་བོད་དང་ཤིན་ཅང་གི་ས་ཁུལ་དེ་གཉིས་རྒྱ་ནག་གི་ས་ཁུལ་གཞན་ཁག་དང་མི་འདྲ་བར་དམ་དྲག་ཆེ་བ་ཡོད་པའི་གནས་སྟངས་སུ་གྱུར་ཡོད་པ་གསུང་བྱུང་ལ། བོད་ཀྱི་རྒྱལ་ས་ལྷ་ས་དང་ཤིང་ཅང་གཉིས་ཀའི་ནང་ཁྱིམ་བསྡོད་བཀག་རྒྱ་བསྡམས་ནས་ཉིན་གྲངས་བརྒྱ་ལྷག་འགོར་ཡོད་པ་གསུང་བྱུང་།
ཡང་ལྷ་སའི་མི་མང་ཁག་ཅིག་གིས། ད་ནི་རྒྱ་མི་རིགས་འུ་ཐུག་ནས་སྲིད་གཞུང་ལ་ངོ་རྒོལ་བྱས་པ་རེད། ཉེ་སྔོན་ལྷ་སའི་ནང་དུ་ཡོད་པའི་རྒྱ་རིགས་ཚོས་ཀྱང་སྲིད་གཞུང་ལ་ངོ་རྒོལ་བྱས་པའི་རྗེས། རྒྱ་རིགས་ཚོ་རིམ་པས་རྒྱ་ནག་ཏུ་ཕྱིར་ལོག་བྱེད་དུ་བཅུག་སོང་བས་ངོ་རྒོལ་གྱི་ལས་འགུལ་དེ་ང་ཚོ་བོད་མི་ཚོས་སྤེལ་མི་དགོས་པར་རྒྱ་རིགས་ཚོས་རང་ཉིད་ཀྱི་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཡིན་ན་དེ་བས་ཀྱིས་ནུས་པ་ཐོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་ཆེ་བ་ཡོང་གི་ཡོད་པར་ཡིད་ཆེས་གནང་གི་འདུག་ལ་ལྷ་སའི་མི་མང་ཚོར་སེམས་འགུལ་ཆེན་པོ་ཐེབས་འདུག
གཞན་བཅར་འདྲི་ཞུ་ཡུལ་ཁག་ཅིག་ཞེད་སྣང་བྱས་སྟེ་སྐད་ཆ་གསལ་པོ་བཤད་ཐུབ་ཀྱི་མི་འདུག་ཀྱང་ཤོག་བུའི་སྟེང་ཡི་གེ་ཏོག་ཙམ་རེ་བྲིས་ནས་རྣམ་འགྱུར་སྟོན་པ་ཙམ་ལས་སྟབས་བདེ་བོ་མི་འདུག་ཟེར།
ནད་ཡམས་སྐོར་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་རྒྱ་ནག་གི་གཞུང་འབྲེལ་གསལ་བསྒྲགས་ནང་། འདི་ཚེས་༢༨ཉིན་གྱི་ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་རྟགས་མ་མངོན་པའི་ནད་པ་༣ཐོན་ཡོད་པ་དང་། དེའི་སྔར་ཉིན་ཚེས་༢༧ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་ནད་པ་༡༨མང་དུ་ཕྱིན་ནས་ད་དུང་ཡང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་༡༦ཡོད་པ་བསྒྲགས་འདུག་པ་ལྟར། འདི་ཚེས་༢༨གྱི་ཉིན་རྒྱབ་བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ད་བར་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༩༧༤ཟིན་འདུག ཡིན་ན་ཡང་འབྲེལ་ཡོད་བོད་མི་ཞིག་གིས་རྒྱ་ནག་གཞུང་གིས་རིམས་ནད་ཀྱི་གནས་ཚུལ་དངོས་ཡོད་མི་བསྒྲགས་པ་དང་། ནད་པའི་གྲངས་འབོར་ཏག་ཏག་རང་བཏོན་གྱི་མེད་པ་མ་ཟད། ཡུལ་མི་ཚོས་ས་གནས་ཀྱི་རིམས་ནད་གནས་སྟངས་བཤད་ཚེ་དཀྲོག་གཏམ་སྤེལ་ཚུལ་གྱིས་ཉེས་ཆད་གཏོང་བཞིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་ནང་འདི་ཚེས་༢༧ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༤༡༠གསར་དུ་འཕར་ཡོད་པ་དང་། རྨ་ལྷོ་ཁུལ་དུ་ཚེས་༢༦ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༥༡གསར་དུ་འཕར་འདུག གཞན་མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་དུ་འདི་ཚེས་༢༧ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༡༢གསར་དུ་འཕར་ཡོད་འདུག
གསར་འགོད་པ། སྟག་ལྷ་རྒྱལ། དབྱངས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།