བདུན་ཕྲག་འདིའི་ནང་མེག་ལོཌ་ཁུལ་དུ་བོད་མི་༡༥ལ་ཏོག་དབྱིབས་རིམས་ནད་འགོས་འདུག

2020.12.12
བདུན་ཕྲག་འདིའི་ནང་མེག་ལོཌ་ཁུལ་དུ་བོད་མི་༡༥ལ་ཏོག་དབྱིབས་རིམས་ནད་འགོས་འདུག བཞུགས་སྒར་རྡ་རམ་ས་ལར་ཏོག་དབྱིབས་ནད་དུག་ཕོག་པའི་བཙན་བྱོལ་བོད་མི་ཇེ་མང་དུ་འགྲོ་བཞིན་འདུག
ཨེ་ཨེཕ་པི།

རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལའི་མེག་ལོཌ་གྷན་ཇི་དང་གངས་སྐྱིད་ཉེ་འཁྲིས་སུ་ཀོཝིཌ་༡༩ཏོག་དབྱིབས་རིམས་ནད་ཕོག་པའི་བོད་མི་ཇེ་མང་དུ་འགྲོ་བཞིན་ཡོད་འདུག་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ COVID19 ལས་དོན་ཚོགས་ཆུང་ནས། བདུན་ཕྲག་འདིའི་ནང་རྡ་རམ་ས་ལའི་མེག་ལོཌ་ཁུལ་དུ་བོད་མི་༡༥ལ་ཀོཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་ཡོད་པ་གསལ་བསྒྲགས་གནང་བའི་རྗེས། སླར་ཡང་འདི་ཚེས་༡༡་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ཀྱི་ཉེ་འཁྲིས་སུ་ཆགས་པའི་གནས་ཆུང་དགོན་པའི་ནང་ཁྱོན་མི་གྲངས་༥ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་གནས་ཚུལ་ཐོན་འདུག དེའི་ཐད་བོད་མི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདི་གའི་འཕྲོད་བསྟེན་ལས་ཁུངས་ངོས་ནས་འདི་ལོའི་སྤྱི་ཟླ་གསུམ་པ་ནས་བཟུང་ནད་ཡམས་དེ་ཛ་དྲག་རང་བཞིན་ཅན་ཞིག་ལ་ངོས་འཛིན་གྱིས། ལུས་ཟུངས་གསོ་བྱེད་ཀྱི་བོད་སྨན་བགོ་འགྲེམ་བྱ་རྒྱུ་ལ་སོགས་པའི་ནད་དུག་སྔོན་འགོག་ལས་དོན་མང་དག་ཅིག་སྤེལ་དང་སྤེལ་མུས་ཡིན་ཞིང་། འོན་ཀྱང་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཇེ་མང་དུ་འགྲོ་བཞིན་པར་ཧ་ཅང་གི་སེམས་ཚབས་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་ད་ལྟའི་ཆར་དབྱིན་ཡུལ་དང་ཨ་མི་རི་ཀ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བཟོ་སྐྲུན་གྱིས་སྤྱི་དམངས་ནས་སྤྱོད་ཆོག་པའི་ཆོག་མཆན་སྤྲད་པའི་གནས་ཚུལ་ཐོན་འདུག་ལ། རིང་མིན་རྒྱ་གར་ནང་ཡང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མགྱོགས་མྱུར་འཐོན་རྒྱུ་ཡིན་པ་སྲིད་བློན་ནཱ་རེན་དྷ་ར་མོ་དྷི་མཆོག་གིས་བརྗོད་འདུག་ཅིང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་སྲིད་སྐྱོང་དང་འབྲེལ་ཡོད་སྨན་པ་རྣམས་དབུ་བཞུགས་ཀྱི་ཐོག་ནས་ཏོག་དབྱིབས་སྔོན་འགོག་སྨན་ཁབ་དང་འབྲེལ་བའི་གནས་ཚུལ་ཐད་ཚོགས་འདུ་ཐེངས་འགའ་ཚོགས་ཡོད་ཀྱང་། གཙོ་བོ་བོད་མིའི་སྒྲིག་འཛུགས་ཆགས་ཡུལ་རྒྱལ་ཁབ་ཀྱི་གནས་བབ་ལ་གཞིགས་པའི་སྔོན་འགོག་སྨན་ཁབ་དེ་བཞིན་རག་ཐབས་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད།

ཡང་བདུན་ཕྲག་འདིའི་ནང་རྒྱ་གར་ནང་དུ་ཀོཝིཌ་༡༩ཏོག་དབྱིབས་རིམས་ནད་ཕོག་པའི་བཙན་བྱོལ་བོད་མི་༥༥བྱུང་འདུག་པ་དང་། རྒྱ་གར་གྱི་ས་གནས་གྲངས་༢༧དང་བལ་ཡུལ་གྱི་ས་གནས་གྲངས་༦ བཅས་ཁྱོན་བསྡོམས་བོད་མི་༦༦༦ཟུར་བཀག་ཏུ་བཞག་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ COVID19 ལས་དོན་ཚོགས་ཆུང་ནས་འདི་ཚེས་༡༠ཉིན་ཕྱིར་བསྒྲགས་གནང་ཡོད་པ་དང་། རྒྱ་གར་དང་བལ་ཡུལ་བཅས་ཀྱི་ནང་ད་བར་བོད་མི་༡༣༧༦ལ་ཀོཝིཌ་༡༩ཏོག་དབྱིབས་རིམ་ནད་ཕོག་འདུག་པ་དང་དེའི་ཁོངས་སུ་དྲག་སྐྱེད་སོང་བའི་བོད་མི་༡༡༩༧དང་ནད་དུག་དེའི་རྐྱེན་གྱིས་བོད་མི་༣༥འདས་གྲོངས་སུ་གྱུར་འདུག་པ་དང་། ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་བོད་མི་༡༤༤ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ COVID19 ལས་དོན་ཚོགས་ཆུང་གི་སྨན་པ་མཚམས་ཆོས་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།

གཞན་ཡང་ད་ལྟའི་ཆར་རྒྱ་གར་ནི་འཛམ་གླིང་ནང་ཀོཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་ཁྱབ་མང་ཤོས་ཕྱིན་པའི་རྒྱལ་ཁབ་གཉིས་པ་དེ་ཆགས་འདུག་ཅིང་། རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལས་ཁུངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༡༢ཉིན་གྱི་ཕྱི་དྲོ་ཕྱག་ཚོད་༢པའི་བར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་གིས་མནར་བཞིན་པའི་མི་གྲངས་༣༥༩༨༡༩དང་། ནད་དུག་དེའི་རྐྱེན་གྱིས་མི་གྲངས་༡༤༢༦༢༨ འདས་གྲོངས་སུ་གྱུར་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎