རྒྱ་ནག་ནང་རྐྱེན་ངན་འཕྲད་བཞིན་པའི་རྒྱུ་མཚན་དེ་སྐར་རྩིས་ཡིན་ནམ།

རྒྱ་ནག་ནང་རྐྱེན་ངན་འདྲ་མིན་འཕྲད་བཞིན་པ་དེ་སྐར་རྩིས་ཀྱི་ཐོག་ནས་རྒྱ་ནག་གི་འགོ་འཁྲིད་ཚོས་སྐྱེས་ཚེས་ཀྱི་ལོ་རྟགས་དང་ད་ལྟའི་ས་བྱི་ལོའི་དབར་མི་མཐུན་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་སྲིད་སྐོར།

2008.05.15

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་གོ་སྒྲིག་ཞུ་རྒྱུའི་ངང་སྒུག་ཆེན་པོ་བྱེད་བཞིན་པའི་སྔ་ནུབ་དུ་ རྒྱ་ནག་ནང་རང་བྱུང་གི་རྐྱེན་ངན་གོད་ཆགས་དང་ཡང་ཆབ་སྲིད་དང་འབྲེལ་བའི་རྒྱ་ནག་གི་ཆེ་ཐོངས་ལ་གནོད་པ་གཅིག་མཇུག་གཉིས་མཐུད་ཀྱི་རྐྱེན་ངན་འཕྲད་བཞིན་པ་དེ་ སྐར་རྩིས་ཀྱི་ཐོག་ནས་རྒྱ་ནག་གི་འགོ་འཁྲིད་ཚོས་སྐྱེས་ཚེས་ཀྱི་ལོ་རྟགས་དང་ད་ལྟའི་ས་བྱི་ལོའི་དབར་མི་མཐུན་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་སྲིད་སྐོར་རྒྱ་ནག་གི་སྲོལ་རྒྱུན་སྐར་རྩིས་ལ་མཁས་པ་ཞིག་གིས་དཔྱད་གཞི་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག་༎

འདས་པའི་ཟླ་བ་བཞིའི་ནང་ཚུད་རྒྱ་ནག་ནང་དགུན་དུས་གྲང་ངར་གྱི་གནམ་གཤིས་དང་གངས་རུས་ཀྱིས་རྐྱེན་པའི་གོད་ཆགས་དང་ དེ་ནས་ཉེ་སྔོན་བོད་ནང་ཞི་རྒོལ་གྱི་ལས་འགུལ་རྒྱ་ཁྱབ་དང་ ཡང་དེ་རྗེས་ཨོ་ལིམ་ཕིག་གི་དཔལ་འབར་བརྒྱུད་སྤྲོད་ཀྱི་ལས་འགུལ་ལ་རྒྱལ་སྤྱིའི་ཁྲོད་ངོ་རྒོལ་གྱི་འགོག་རྐྱེན་བསྟུད་མར་འཕྲད་པ་དང་ དེ་ནས་བདུན་ཕྲག་སྔོན་མའི་ནང་རི་ལི་བརྡབས་སྐྱོན་དང་དེ་བཞིན་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གོད་ཆགས་སོགས་རྐྱེན་ངན་བསྟུད་མར་བྱུང་ཡོད་པ་རེད་

རཱེ་མེན་ལཱོ་ཟེར་བའི་ཧོང་ཀོང་ནང་རྟེན་གཞི་བྱེད་པའི་རྒྱ་རིགས་སྐར་རྩིས་ལ་མཁས་པ་ཞིག་གིས་རྒྱ་ནག་ནང་དེ་ལྟ་བུའི་རྐྱེན་ངན་བསྟུད་མར་འཕྲད་པའི་རྒྱུ་མཚན་ནི་ རྒྱ་ནག་གི་འགོ་འཁྲིད་ཧུ་ཇིན་ཐའོ་དང་སྲིད་བློན་ཝེན་ཅ་བའོ་གཉིས་༡༩༤༢འམ་ ལོ་རྟགས་ཆ་ནས་རྟ་ལོར་སྐྱེས་པ་དང་ ཡང་ད་ལྟའི་ས་བྱི་ལོའི་དབར་གནམ་གཤིས་མི་མཐུན་པའི་རྒྱུ་མཚན་ལ་ཐུག་གི་ཡོད་སྐོར་བརྗོད་འདུག ཁོང་གིས་འགྲེལ་བརྗོད་བྱས་དོན་དུ་ རྒྱ་ནག་གི་སྐར་རྩིས་ནང་ རྟ་དང་བྱི་བ་གཉིས་མཐུན་ཐབས་མེད་པ་དང་ དེར་བརྟེན་གལ་སྲིད་ལོ་རྟགས་རྟ་ལོ་ཡིན་པ་ཡིན་ན་ བྱི་བ་དང་ཐུག་འབྲེལ་བྱུང་སྐབས་ རང་བཞིན་གྱིས་འཁོན་འཛིན་ཡོང་རྒྱུ་ཡིན་པ་དང་ རྒྱ་ནག་གི་འགོ་འཁྲིད་གཉིས་ཀྱི་ལོ་རྟགས་རྟ་ལོ་ཡིན་སྟབས་ ༢༠༠༨ས་བྱི་ལོ་དང་མི་མཐུན་པའི་ཆ་ནས་རྒྱལ་ཁབ་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་ ཡང་སྐར་རྩིས་ནང་ བྱི་བ་དང་གླང་གཉིས་དབར་མཛའ་གྲོགས་ཀྱི་འདུ་ཤེས་ཡོད་སྟབས་ རྒྱ་ནག་གི་འགོ་འཁྲིད་རྣམ་གཉིས་ནས་ལོ་རྟགས་མི་མཐུན་པའི་བར་ཆད་སེལ་རྒྱུར་གླང་གི་གཟུགས་དབྱིབས་འཁོད་པའི་སྐྱེ་ཐག་གྱོན་དགོས་སྐོར་ལམ་སྟོན་བྱས་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎